མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཐུར་ཁེ་དང་དབྱི་རག་གི་ཕྱི་འབྲེལ་བློན་ཆེན་གྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-26 11:29

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཕྱི་འབྲེལ་པུའུ་ཀྲང་ཏཱ་བུའུ་ཐི་ཨོ་ལུའུ་དང་འཚམས་འདྲིར་ཡོང་བའི་དབྱི་རག་གི་ཕྱི་འབྲེལ་བློན་ཆེན་ཚི་པཱ་ལི་གཉིས་ཀྱིས་ཚེས25ཉིན་ཨན་ཁཱ་ལཱ་ནས་བསྟན་དོན། ཐུར་ཁེ་དང་དབྱི་རག་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བར་གྱི་འབྲེལ་བར་ཤུགས་སྣོན་བྱས་ཏེ། མཉམ་དུ་ཐུན་མོང་གི་ཁེ་ཕན་ལ་ཡར་སྐུལ་བྱེད་རྒྱུ་ཡིན་ཟེར།

ཏཱ་བུའུ་ཐི་ཨོ་ལུའུ་ཡིས་ཚི་པཱ་ལི་དང་གྲོས་མོལ་བྱས་རྗེས་བསྡུས་པའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཐུར་ཁེ་རྒྱལ་ཁབ་ཀྱིས་ནམ་རྒྱུན་ཐུར་ཁེ་དང་དབྱི་རག་གི་འབྲེལ་བ་ནི་དབུས་ཤར་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་ཀྱི་གཞི་རྩའི་གྲུབ་ཆ་ཞིག་ཡིན་པར་རློམ་ཡོད་ཟེར། ཁོས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་ལ་ཤུགས་སྣོན་བྱེད་པར་འཐད་པ་བྱུང་བ་དང་། ཁྱད་པར་དུ་འགྲིམ་འགྲུལ་དང་ནུས་ཁུངས། ཉོ་ཚོང་། ཞིང་ལས། འཕྲོད་བསྟེན་ཁྱབ་ཁོངས་ནས་མཉམ་ལས་བྱེད་པར་འཐད་པ་བྱུང་ཡོད་ཟེར། ཏཱ་བུའུ་ཐི་ཨོ་ལུའུ་ཡིས་བཤད་རྒྱུར། ཁོས་ད་ལོའི་ཟླ་བཅུ་གཅིག་པའི་ཟླ་མགོར་དབྱི་རག་ཏུ་འཚམས་འདྲི་བྱེད་རྒྱུའི་འཆར་གཞི་ཡོད་པ་དང་། དབྱི་རག་གི་ཙུང་ལི་མཱ་ལེ་ཅི་ཡིས་ཀྱང་ཐུར་ཁེ་རྒྱལ་ཁབ་ལ་འཚམས་འདྲི་བྱེད་རྒྱུ་རེད་ཟེར།

ཚི་པཱ་ལི་ཡིས་བཤད་རྒྱུར། དེང་སྐབས་ནི་དབྱི་རག་དང་ཐུར་ཁེའི་འབྲེལ་བ་དེ་འཕེལ་རྒྱས་ཀྱི་གོ་སྐབས་གསར་བར་འཕྲད་ཡོད་པ་དང་། དབྱི་རག་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་འཚམས་འདྲི་བྱས་ཤིང་། གྲོས་མོལ་ལ་བརྟེན་ནས་རྒྱལ་ཁབ་གཉིས་བར་གནས་པའི་གནད་དོན་གང་རུང་ཐག་གཅོད་བྱེད་ཐུབ་ཟེར།

ཚི་པཱ་ལི་ཡིས་ཚེས་ཉེར་ལྔ་ཉིན་སོ་སོར་ཐུར་ཁེའི་གྲོས་དཔོན་ཆི་ཆེ་ཁི་དང་ཙུང་ལི་ཨེར་ཏའོ་ཨན་གཉིས་ལ་ཐུག་འཕྲད་བྱས།

ཐུར་ཁེའི་ཙུང་ཐུང་ཅུའུ་ཨར་གྱིས་ཚེས24ཉིན་ཚི་པཱ་ལི་ལ་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། ཐུར་ཁེ་དང་དབྱི་རག་གིས་མཉམ་ལས་ལ་ཤུགས་སྣོན་བྱས་ན་ཐུར་ཁེ་དང་དབྱི་རག་རྒྱལ་ཁབ་གཉིས་ལ་ཕན་པར་མ་ཟད། ས་ཁུལ་ཡོངས་ཀྱི་ཁེ་ཕན་ལ་དགེ་མཚན་ལྡན་ཟེར།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག