མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སི་དང་འཇར་མན་གྱིས་ད་ལོའི་ལོ་མཇུག་གི་སྔོན་ལ་ཨ་མེ་རི་ཁའི་ལྐོག་ཉན་གནད་དོན་ཐད་ནས་ཨ་མེ་རི་ཁ་དང་གྲོས་མོལ་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-25 10:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁས་རྒྱལ་ཁབ་མང་བོའི་མགོ་ཁྲིད་པའི་ཁ་པར་ལ་ལྐོག་ཉན་བྱས་པའི་དོན་རྐྱེན་ལས་བྱུང་བའི་གནད་དོན་སྔར་ལས་ཇེ་མང་དུ་སོང་བ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱི་ཀྲུའུ་ཞི་ཡིས་བཤད་རྒྱུར། ཧྥ་རན་སི་དང་འཇར་མན་རྒྱལ་ཁབ་གཉིས་ཀྱིས་ད་ལོའི་ལོ་མཇུག་གི་སྔོན་ལ་ཨ་མེ་རི་ཁའི་བར་ལྐོག་ཉན་གནད་དོན་ལ་གྲོས་བསྡུར་བྱེད་པའི་རེ་བ་ཡོད་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་གྱི་ཀྲུའུ་ཞི་ཧྥན་ལུང་ཕའེ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཧྥ་རན་སི་དང་འཇར་མན་རྒྱལ་ཁབ་གཉིས་ཀྱིས་ད་ལོའི་ལོ་མཇུག་གི་སྔོན་ལ་ལྐོག་ཉན་གནད་དོན་ཐད་ནས་ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་འདོད་ཡོད་ཟེར། ཁོས་ད་རུང་བསྟན་དོན། ཧྥ་རན་སི་དང་འཇར་མན་འཐད་པ་བྱུང་ན། རྒྱལ་ཁབ་གཞན་པ་ཡང་གྲོས་མོལ་དེར་ཞུགས་ཆོག་ཟེར།

ཨ་མེ་རི་ཁའི་གསང་འཕྲིན་སྡེ་ཁག་གིས་ཚེས་ཉེར་བཞིའི་ཉིན་བཤད་རྒྱུར། སྔོན་ཆད་ཉུང་མཐར་ཡང་རྒྱལ་སྤྱིའི་ཆབ་སྲིད་མགོ་ཁྲིད་པ་གཙོ་བོ་སོ་ལྔའི་ཁ་པར་ལ་ལྐོག་ཉན་བྱས་མྱོང་བར་བཤད། ཨ་མེ་རི་ཁའི་ལྟ་རྟོག་གནས་ཚུལ་ཛ་དྲག་ཏུ་གྱུར་བའི་སྐབས་འདིར། གནས་ཚུལ་དེ་འདྲ་བསྒྲགས་པར་ཡང་བསྐྱར་ཀུན་གྱིས་དོ་སྣང་བྱེད་བཞིན་ཡོད།

མིག་སྔར་རྒྱལ་སྤྱིའི་ཆབ་སྲིད་མགོ་ཁྲིད་པ་གཙོ་བོ་སོ་ལྔའི་ཐོབ་ཐང་གསལ་བོར་བཤད་མེད་ལ། དེའི་ནང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་པཱ་ཞིའི་ཙུང་ཐུང་ལོ་སེ་ཧྥུའུ་སོགས་ཡོད་མེད་ཀྱང་གསལ་བོར་ཤེས་ཐབས་མེད།

འཇར་མན་སྲིད་གཞུང་ལ་དེའི་སྔོན་གསང་འཕྲིན་འབྱོར་ཏེ། མའོ་ཁི་ཨར་གྱི་ཁ་པར་ལ་ཨ་མེ་རི་ཁའི་གསང་འཕྲིན་སྡེ་ཁག་གིས་ལྐོག་ཉན་བྱས་པར་བཤད་པ་དང་། མའོ་ཁི་ཨར་གྱིས་དོན་དེའི་ཐད་ནས་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ལ་ཁ་པར་བཏང་སྟེ་དག་འབུད་བྱེད་དགོས་པའི་རེ་བ་བཏོན། འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་ཝེ་སི་ཐི་ཝེ་ལེ་ཡིས་ཚེས་ཉེར་བཞིའི་ཉིན་འཇར་མན་དུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་པ་བོས་ནས་འཇར་མན་ཕྱོགས་ཀྱི་ལངས་ཕྱོགས་རྒྱས་བཤད་བྱས། ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཁཱ་ནེ་ཡིས་ཨ་མེ་རི་ཁས་སྔོན་ཆད་མའོ་ཁི་ཨར་གྱི་ཁ་པར་ལ་ལྐོག་ཉན་བྱས་མྱོང་བའི་རྣམ་འགྱུར་ཙམ་བསྟན་ཡོད།

ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་དང་དབྱི་ཐཱ་ལེའི་ཙུང་ལི་ལེ་ཐཱ་སོགས་ཕྱི་རྒྱལ་གྱི་ཆབ་སྲིད་མགོ་ཁྲིད་པ་དག་གིས་ལང་ལོང་སྒོས་ཨ་མེ་རི་ཁའི་ཕྱོགས་ཀྱི་ལྐོག་ཉན་དོན་རྐྱེན་ལ་མི་འཐད་པའི་བསམ་ཚུལ་བསྟན་པ་དང་། ཨ་མེ་རི་ཁའི་ཕྱོགས་ཀྱིས་མྱུར་དུ་གསལ་བཤད་བྱས་ཏེ་རིགས་དེ་མཚུངས་ཀྱི་ལྐོག་ཉན་གནད་དོན་ཡང་བསྐྱར་མི་འབྱུང་བར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག