མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་ཙུང་ཐུང་གིས་ད་ལོར་གནས་སྤོར་སྡོད་དམངས་ཀྱི་བཅོས་བསྒྱུར་བཅའ་ཁྲིམས་འཆར་ཟིན་ལ་གྲོས་མཐུན་འགོད་དགོས་པའི་འབོད་སྐུལ་བཏང་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-25 10:50

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་སྒོ་བརྒྱབ་པའི་གནས་ཚུལ་བྱུང་ནས་དུས་ཡུན་ངེས་ཅན་འགོར་བ་དང་བསྟུན་ནས། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས24ཉིན་ཟླ་འགར་མ་གླེང་བའི་གནས་སྤོར་སྡོད་དམངས་ཀྱི་བཅོས་བསྒྱུར་གྲོས་གཞིའི་ཐད་ནས་དམངས་གྲོས་ཁང་གི་སྤྱི་མཐུན་ཏང་མིར་གནོན་ཤུགས་བྱིན་པ་དང་། ཁོ་ཚོས་ད་ལོར་གནས་སྤོར་སྡོད་དམངས་ཀྱི་བཅོས་བསྒྱུར་བཅའ་ཁྲིམས་འཆར་ཟིན་དེར་གྲོས་མཐུན་འགོད་པར་སྟབས་བདེ་བཟོ་དགོས་པའི་འབོད་སྐུལ་བཏང་།

ཨོ་པཱ་མཱ་ཡིས་ཉིན་དེར་ཕོ་བྲང་དཀར་པོ་ནས་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། གནས་སྤོར་སྡོད་དམངས་ཀྱི་བཅོས་བསྒྱུར་ནི་ཨ་མེ་རི་ཁའི་དཔལ་འབྱོར་དང་རྒྱལ་ཁོངས་བདེ་འཇགས། མང་ཚོགས་ཀྱི་བདེ་སྐྱིད་བཅས་ལ་ཕན་ཐོགས་ཡོད་པ་དང་། གཏོར་བཤིག་ཏུ་གྱུར་བའི་གནས་སྤོར་སྡོད་དམངས་ཀྱི་མ་ལག་བཅོས་བསྒྱུར་བྱེད་པ་ནི་ཨ་མེ་རི་ཁའི་མང་ཚོགས་དང་སྲིད་གཞུང་བར་གྱི་ཐུན་མོང་གི་ལྟ་ཚུལ་ཞིག་ཀྱང་ཡིན་པས། དུས་ཚོད་དམ་འཛིན་སྒོས་ད་ལོར་གནས་སྤོར་སྡོད་དམངས་ཀྱི་བཅོས་བསྒྱུར་བཅའ་ཁྲིམས་འཆར་ཟིན་དེར་གྲོས་མཐུན་འགོད་པར་བརྩོན་ལེན་བྱེད་དགོས་ཟེར།

ཨོ་པཱ་མཱ་ཡིས་གཏམ་བཤད་སྤེལ་སྐབས་ཚིག་སྣེ་དམངས་གྲོས་ཁང་གི་སྤྱི་མཐུན་ཏང་མིར་གཏད་ཡོད། ཁོས་བཤད་རྒྱུར། རྒྱལ་ཚོགས་གྲོས་ཞུགས་ཁང་གིས་ད་ལོའི་ཟླ་དྲུག་པར་གནས་སྤོར་སྡོད་དམངས་ཀྱི་བཅོས་བསྒྱུར་གྲོས་གཞི་ཞིག་ལ་གྲོས་མཐུན་བཀོད་པ་དང་། དེ་འདྲའི་འཐུས་ཚང་མིན་ཡང་དྲང་བདེན་དང་འདྲ་མཉམ་ཡིན་པས། གནས་སྤོར་སྡོད་དམངས་ཀྱི་བཅོས་བསྒྱུར་བྱ་བའི་འགྲན་རྩོད་གཙོ་བོ་ཐག་གཅོད་བྱེད་ཐུབ། རྒྱལ་ཚོགས་དམངས་གྲོས་ཁང་གི་དམངས་གཙོ་ཏང་མིས་ཀྱང་དེ་མཚུངས་ཀྱི་གྲོས་གཞི་བཏོན་ཡོད། ད་ལྟ་གནས་སྤོར་སྡོད་དམངས་ཀྱི་བཅོས་བསྒྱུར་དོན་དམ་དུ་མངོན་འགྱུར་བྱེད་ཐུབ་མིན་དེ་དམངས་གྲོས་ཁང་གི་སྤྱི་མཐུན་ཏང་མིའི་བྱ་སྤྱོད་ཁོ་ནར་རག་ལས་ཡོད་ཟེར།

ཁོས་ད་རུང་བཤད་རྒྱུར། དམངས་གཙོ་ཏང་དང་སྤྱི་མཐུན་ཏང་མིའི་བར་གནད་དོན་མང་བོའི་ཐད་འགལ་བ་ཆེན་པོ་ཡོད་ཀྱང་། ཐུན་མོང་གི་གྲོས་གཞིའི་ཐད་ནས་མཉམ་ལས་བྱས་ཏེ། སྲིད་གཞུང་གི་སྒོ་བརྒྱབ་པའི་ཉམས་ཉེན་མཇུག་སྒྲིལ་རྗེས། ཕྱོགས་གཉིས་ཀྱིས་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་གནས་སྤོར་སྡོད་དམངས་ཀྱི་བཅོས་བསྒྱུར་སོགས་གནད་དོན་ཐག་གཅོད་མི་བྱེད་པར་རྒྱུ་མཚན་ཅི་ཡང་མེད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག