མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཐེ་གོའི་འགྲུལ་སྐྱེལ་རླངས་འཁོར་ཞིག་གྲོག་རོང་དུ་ལྷུང་ནས་མི་ཉེར་གཉིས་རྐྱེན་ལམ་དུ་ཤོར་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-25 10:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐེ་གོའི་ཉེན་རྟོག་ཕྱོགས་ཀྱིས་ཚེས24ཉིན་བཤད་རྒྱུར། གནས་སྐོར་གྱི་འགྲུལ་སྐྱེལ་རླངས་འཁོར་ཞིག་ཚེས་ཉེར་གསུམ་ཉིན་གྱི་དགོང་མོར་ཐེ་གོའི་མན་ཀུའུ་དང་བར་ཐག་སྤྱི་ལེ་དྲུག་བརྒྱ་ཙམ་ཡོད་པའི་ནན་པང་ས་ཁུལ་གྱི་བང་ལིང་རྫོང་ནས་གྲོག་རོང་དུ་ལྷུང་སྟེ། མི་ཉེར་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་དྲུག་ལ་རྨས་ཕོག་ཟེར།

ཐེ་གོའི་ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། དོན་རྐྱེན་དེ་ཉིན་དེའི་དགོང་མོའི་དུས་ཚོད་བདུན་སྟེང་བྱུང་ཞིང་། འགྲུལ་སྐྱེལ་རླངས་འཁོར་དེ་ཀྱག་ཀྱོག་ཆེ་བའི་རི་ལམ་དུ་བརྒྱུད་སྐབས། རླངས་འཁོར་ཁ་ལོ་བྱེད་ཐབས་བྲལ་ནས་ལམ་འགྲམ་གྱི་འགོག་སྲུང་ལན་ཀན་ལ་ཐོ་བརྒྱབ་རྗེས། གཏིང་ཚད་ལ་སྨིད་སུམ་ཅུ་ཙམ་ཡོད་པའི་གྲོག་རོང་དུ་ལྷུང་། རྒུད་སྐྱོབ་མི་སྣས་འགོག་སྲུང་ལན་ཀན་སྟེང་ཐག་པ་བརྒྱབ་སྟེ་གྲོག་རོང་དུ་དཔྱངས་པས་ད་གཟོད་རྨས་མ་རྣམས་སྐྱོབ་ཐུབ་པ་བྱུང་།

ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། རྐྱེན་ལམ་དུ་ཤོར་བའི་འགྲུལ་བ་མང་ཤོས་བུད་མེད་ཡིན་པ་དང་། ཁོ་ཚོ་ནི་ས་དེའི་དགོན་པ་ཞིག་ཏུ་མཇལ་ཕྱག་ཏུ་སོང་རྗེས་འགྲུལ་སྐྱེལ་རླངས་འཁོར་དེར་བསྡད་ནས་ཕྱིར་ལོག་སྐབས་དོན་རྐྱེན་དེ་བྱུང་བ་རེད། ཁ་ལོ་བས་སེམས་ཆུང་མ་བྱས་པར་དོན་རྐྱེན་བྱུང་བའི་སྐྱོན་འཛུགས་བྱས་ཡོད་པ་དང་། ཁ་ལོ་བ་དེར་དུས་ཡུན་ལོ་ངོ་བཅུའི་བཀག་འཇུག་ཁྲིམས་ཐག་གཅོད་རྒྱུ་རེད་ཟེར།

ཐེ་གོ་རྒྱལ་ཁབ་ཏུ་ལོ་རེའི་ལོ་གསར་གྱི་སྐབས་སུ་འགྲིམ་འགྲུལ་དོན་རྐྱེན་མང་དུ་འབྱུང་བཞིན་ཡོད། ཐེ་གོའི་ནང་སྲིད་པུའུ་ཡིས་འདོན་སྤྲོད་བྱས་པའི་རྒྱུ་ཆ་ལྟར་ན། ཐེ་གོ་ནས་ལོ་རེར་མི་ཁྲི་གཉིས་དང་སྟོང་དྲུག་ལྷག་གཞུང་ལམ་གྱི་འགྲིམ་འགྲུལ་དོན་རྐྱེན་ལས་རྐྱེན་ལམ་དུ་ཤོར་གྱིན་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག