མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

པུའུ་ལཱ་ཞི་མུས་ཀྱིས་ཆབ་སྲིད་ལ་བརྟེན་ན་ད་གཟོད་སི་རི་ཡཱའི་ཉམས་ཉེན་མཇུག་སྒྲིལ་བ་ནན་བཤད་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-24 11:34

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་སི་རི་ཡཱའི་མཉམ་ཉེན་གྱི་མཉམ་འབྲེལ་དམིགས་བསལ་འཐུས་མི་པུའུ་ལཱ་ཞི་མུས་ཀྱིས་སྤྱི་ཟླ10བའི་ཚེས23ཉིན་ཅོར་ཏན་གྱི་རྒྱལ་ས་ཨན་མན་ནས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ཐག་གཅོད་བྱེད་ཐབས་ལ་བརྟེན་ན་ད་གཟོད་སི་རི་ཡཱའི་ཉམས་ཉེན་མཇུག་སྒྲིལ་ཐུབ་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གཅིག་གྱུར་གྱིས་བསམ་ན་དམག་དོན་བྱེད་ཐབས་ཀྱིས་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་མི་ཐུབ་པར་འདོད་ཡོད་ཟེར།

ཅོར་ཏན་གྱི་ཕྱི་འབྲེལ་པུའུ་ཡིས་སྤེལ་བའི་གསལ་སྒྲོག་ལྟར་ན། པུའུ་ལཱ་ཞི་མུས་ཀྱིས་ཉིན་དེར་ཅོར་ཏན་གྱི་ཕྱི་འབྲེལ་བློན་ཆེན་ཀྲུའུ་ཏཱ་དང་གྲོས་མོལ་བྱས་ཤིང་། ཕྱོགས་གཉིས་ཀྱིས་སི་རི་ཡཱའི་ཉམས་ཉེན་གྱི་གནས་ཚུལ་གསར་བ་དང་སི་རི་ཡཱའི་གནད་དོན་གྱི་རི་ནེ་ཝའི་གྲོས་ཚོགས་ཐེངས་གཉིས་པ་བསྡུ་བར་གྲ་སྒྲིག་བྱེད་པ་སོགས་གྲོས་གཞིའི་ཐད་ནས་བསམ་འཆར་བརྗེ་རེས་བྱས། པུའུ་ལཱ་ཞི་མུས་ཀྱིས་བཤད་རྒྱུར། ད་ལྟ་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཐུན་མོང་གི་ལྟ་ཚུལ་ཙམ་བྱུང་ཡོད་ལ། དམག་དོན་བྱེད་ཐབས་ལ་བརྟེན་ནས་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་ཐབས་མེད་པ་དང་། ཆབ་སྲིད་ཀྱི་བྱེད་ཐབས་ཁོ་ནས་སི་རི་ཡཱའི་མི་དམངས་ཀྱི་དཀའ་སྡུག་མཇུག་སྒྲིལ་ཐུབ་པར་བསམ་བཞིན་ཡོད་ཟེར།

ཀྲུའུ་ཏཱ་ཡིས་བསྟན་དོན། ཅོར་ཏན་གྱིས་ནམ་རྒྱུན་ཆབ་སྲིད་ལ་བརྟེན་ནས་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པའི་ཇུས་གཞི་འཚོལ་ཞིབ་བྱས་ཏེ། སི་རི་ཡཱ་དང་དེའི་མི་དམངས་ཀྱི་བདེ་འཇགས་དང་བརྟན་འཇགས་སླར་གསོ་བྱེད་པར་འགན་སྲུང་དང་། དྲག་ཤུགས་དང་ཁྲག་བཞུར། ལྐོག་གསོད་བཅས་རྒྱུན་ཆད་མེད་པའི་སྣང་ཚུལ་དེ་མྱུར་དུ་མཇུག་སྒྲིལ་དགོས་པའི་འབོད་སྐུལ་གཏོང་བཞིན་ཡོད་ཟེར། ཁོས་བཤད་རྒྱུར། གནས་ཡུལ་གྱི་ཕྱོགས་ནས་བཤད་ན་ཅོར་ཏན་ནི་སི་རི་ཡཱའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་། སི་རི་ཡཱའི་གནས་བབ་ཇེ་སྡུག་ཏུ་སོང་ན་ཅོར་ཏན་དང་ཐ་ན་ས་ཁུལ་ཡོངས་ཀྱི་བདེ་འཇགས་དང་བརྟན་འཇགས་ལ་གནོད་པ་ཆེན་པོ་བཟོ་སྲིད་ལ། ཁྱད་པར་དུ་སི་རི་ཡཱའི་ཉམས་ཉེན་གྱི་མི་ཆོས་རིང་ལུགས་ཀྱི་ཤུགས་རྐྱེན་ཐེབས་སྲིད། ད་ལྟའི་བར་ཅོར་ཏན་གྱིས་སི་རི་ཡཱའི་ཡུལ་གྱར་བ་འབུམ་དྲུག་ལྷག་དང་ལེན་དང་བཀོད་སྒྲིག་བྱས་ཡོད་ཟེར། ཀྲུའུ་ཏཱ་ཡིས་སི་རི་ཡཱའི་གནད་དོན་གྱི་རི་ནེ་ཝའི་གྲོས་ཚོགས་ཐེངས་གཉིས་པ་དེ་བདེ་བླག་ངང་བསྡུ་བ་དང་། དེ་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པའི་གོ་སྐབས་བཟང་བོ་ཞིག་ཏུ་འགྱུར་བར་རེ་བས་ཁེངས་ཡོད་ཟེར།

ཅོར་ཏན་ཕོ་བྲང་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། ཅོར་ཏན་རྒྱལ་ཁབ་ཀྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་ཡིས་ཉིན་དེར་པུའུ་ལཱ་ཞི་མུས་ལ་ཐུག་འཕྲད་བྱས་པར་མ་ཟད། ས་ཁུལ་དང་སི་རི་ཡཱའི་གནས་བབ་ཀྱི་གནས་ཚུལ་གསར་བ་སོགས་གནད་དོན་ཐད་ནས་གྲོས་མོལ་བྱས་ཟེར།

པུའུ་ལཱ་ཞི་མུས་ཀྱི་ཐེངས་འདིའི་དབུས་ཤར་འགྲུལ་བཞུད་ལ་ཨེ་ཅིབ་དང་། དབྱི་རག ཁི་ཝེ་ཐི། ཨ་མན། ཅོར་ཏན་བཅས་འདུས་པ་དང་། ཁོས་ད་རུང་སི་རི་ཡཱ་དང་དབྱི་ལིང་ལ་འཚམས་འདྲི་བྱེད་རྒྱུ་རེད། པུའུ་ལཱ་ཞི་མུས་ཀྱི་ཐེངས་འདིའི་འགྲུལ་བཞུད་ཀྱི་དམིགས་ཡུལ་ནི་ཟླ་བཅུ་གཅིག་པའི་ཟླ་སྨད་ལ་འཚོག་རྒྱུ་ཡིན་པའི་སི་རི་ཡཱའི་གནད་དོན་གྱི་རི་ནེ་ཝའི་གྲོས་ཚོགས་ཐེངས་གཉིས་པར་གྲ་སྒྲིག་བྱེད་པའི་ཆེད་དུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག