མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སི་དང་ཨ་མེ་རི་ཁའི་ཙུང་ཐུང་གིས་མཉམ་ལས་བྱས་ཏེ་ཁ་པར་ལྐོག་ཉན་དོན་རྐྱེན་ལ་རྟོག་ཞིབ་བྱེད་པར་འཐད་པ་བྱུང་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-24 11:34

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་སྲིད་གཞུང་གིས་སྤྱི་ཟླ10བའི་ཚེས23ཉིན་བཤད་རྒྱུར། ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་ཡིས་ཚེས23ཉིན་ཧྥ་རན་སི་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་བྱས་ཏེ་ཨ་མེ་རི་ཁས་ཧྥ་རན་སིའི་སྤྱི་དམངས་སྒེར་གྱི་ཁ་པར་ལ་ལྐོག་ཉན་བྱས་པའི་དོན་རྐྱེན་ལ་རྟོག་ཞིབ་བྱེད་དགོས་པའི་རེ་བ་བཏོན་པ་དང་། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་གྲོས་གཞི་དེར་འཐད་པ་བྱུང་ཟེར།

ཧྥ་རན་སིའི་སྲིད་གཞུང་གི་མགྲིན་ཚབ་པ་པེར་ཁཱ་སེ་མུའུ་ཡིས་ཉིན་དེར་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཨོ་ལིང་ཏི་དང་ཨོ་པཱ་མཱ་གཉིས་ཀྱིས་མཉམ་ལས་རྟོག་ཞིབ་བྱས་ཏེ། གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་ཨ་མེ་རི་ཁའི་གསང་འཕྲིན་སྡེ་ཁག་གིས་ཧྥ་རན་སིའི་སྤྱི་དམངས་སྒེར་གྱི་ཁ་པར་ལ་ལྐོག་ཉན་བྱས་པའི་དོན་རྐྱེན་བདེན་མིན་དང་དེའི་ཤུགས་རྐྱེན་ག་འདྲ་ཡིན་པ་གཏན་འབེབས་བྱེད་པར་འཐད་པ་བྱུང་ཡོད་ཟེར། ཨོ་ལིང་ཏི་ཡིས་ཧྥ་རན་སིའི་སྲིད་གཞུང་གིས་ཐེངས་འདིའི་ལྐོག་ཉན་དོན་རྐྱེན་གྱི་མགོ་རྔ་ཚང་མར་རྒྱུས་ལོན་བྱེད་པའི་འགན་འཁྲི་ཡོད་པ་བསྐྱར་སྒྲོག་བྱས།

པེར་ཁཱ་སེ་མུའུ་ཡིས་བསྟན་དོན། རྒྱལ་སྤྱིའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དགོས་མཁོའི་དབང་གིས་རིགས་དེ་མཚུངས་ཀྱི་གསང་འཕྲིན་འཚོལ་སྡུད་བྱ་སྤྱོད་གཏན་འགོག་བྱེད་མི་སྲིད་ཀྱང་། བྱ་སྤྱོད་དེ་རིགས་ཚད་ལ་ཚད་བཀག་ཅི་ཡང་མེད་པར་སྤྱི་དམངས་སྒེར་གྱི་འཚོ་བར་གནོད་སྐྱེལ་མི་རུང་ཟེར།

གསང་འཕྲིན་ཕྱིར་གཏོང་མཁན་ཨ་མེ་རི་ཁའི་ཀྲུང་དབྱང་འཕྲིན་གཏོང་ཁང་གི་སྔོན་ཆད་ཀྱི་ལས་བཟོ་བ་སི་ནོའུ་ཏིན་གྱིས་འདོན་སྤྲོད་བྱས་པའི་ཡིག་ཆ་ལྟར་ན། 2012ལོའི་སྤྱི་ཟླ12པའི་ཚེས10ཉིན་ནས2013ལོའི་སྤྱི་ཟླ1པོའི་ཚེས8ཉིན་བར། ཨ་མེ་རི་ཁའི་རྒྱལ་ཁབ་བདེ་འཇགས་ཅུའུ་ཡིས་ཧྥ་རན་སིའི་སྤྱི་དམངས་ཀྱི་ཁ་པར་སྟོང་བདུན་དང་སུམ་ཅུ་ལྷག་སྒྲ་ཕབ་བྱས་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག