མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕཱ་ཁི་སི་ཐན་གྱི་ཙུང་ལི་ཡིས་ལོ་ལྔའི་རིང་ཐོག་དང་པོར་ཨ་མེ་རི་ཁར་འཚམས་འདྲི་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-23 10:29

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞེ་ལི་ཧྥུའུ་ཡིས་སྤྱི་ཟླ10བའི་ཚེས22ཉིན་ཝ་ཧྲིན་ཏོན་ནས་བསྟན་དོན། མི་བསྡད་མེད་པའི་གནམ་གྲུའི་བར་སྣང་འཇབ་རྒོལ་བྱ་འགུལ་དེས་ཕཱ་ཁི་སི་ཐན་གྱི་མངའ་ཁོངས་ཆ་ཚང་ཡོང་བར་གནོད་སྐྱེལ་བར་མ་ཟད། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་འཇིགས་སྐུལ་རིང་ལུགས་མེད་པར་གཏོང་འདོད་པའི་ཆོད་སེམས་དང་བརྩོན་སེམས་ལའང་གནོད་པ་ཐེབས་པས། ཨ་མེ་རི་ཁ་ཕྱོགས་ཀྱིས་མི་བསྡད་མེད་པའི་གནམ་གྲུའི་བར་སྣང་འཇབ་རྒོལ་བྱ་འགུལ་མཚམས་འཇོག་དགོས་ཟེར།

ཞེ་ལི་ཧྥུའུ་ཡིས་ཉིན་དེར་ཨ་མེ་རི་ཁའི་ཞི་བདེ་ཞིབ་འཇུག་ཁང་ནས་གཏམ་བཤད་སྤེལ་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད། ཞེ་ལི་ཧྥུའུ་ཡིས་ཚེས་ཉི་ཤུ་ཉིན་ནས་བཟུང་ཨ་མེ་རི་ཁར་འཚམས་འདྲི་བྱེད་མགོ་བརྩམས་པ་ཡིན་ལ། དེ་ནི་ཕཱ་ཁི་སི་ཐན་གྱི་མགོ་ཁྲིད་པས་ལོ་ལྔའི་རིང་ཐོག་དང་པོར་ཨ་མེ་རི་ཁར་འཚམས་འདྲི་བྱས་པ་རེད། ཉིས་སྟོང་བཅུ་གཅིག་ལོར་ཨ་མེ་རི་ཁས་སྔོན་ལ་ཕཱ་ཁི་སི་ཐན་ལ་བརྡ་མ་བཏང་བའི་གནས་ཚུལ་འོག་ཕཱ་ཁི་སི་ཐན་གྱི་མངའ་ཁོངས་སུ་དམིགས་བསལ་དམག་དཔུང་མངག་གཏོང་བྱས་ཏེ། རྟེན་གཞི་རྩ་འཛུགས་ཀྱི་མགོ་བ་པིན་ལཱ་ཏན་བསད་པའི་ཚུན་ལ། ཕཱ་ཁི་སི་ཐན་དང་ཨ་མེ་རི་ཁའི་འབྲེལ་བའི་གོམ་སྟབས་ཇེ་དལ་དུ་སོང་ཡོད། ཕྱི་ཕྱོགས་ཀྱིས་ཡོངས་ཁྱབ་ཏུ་བལྟས་ན། ཞེ་ལི་ཧྥུའུ་ཡི་ཐེངས་འདིའི་འཚམས་འདྲིའི་དམིགས་ཡུལ་ནི་ཕཱ་ཁི་སི་ཐན་དང་ཨ་མེ་རི་ཁའི་འབྲེལ་བ་རྒྱུན་ལྡན་དུ་འགྱུར་བར་ཡར་སྐུལ་བྱེད་པའི་ཆེད་དུ་ཡིན་ལ། གནད་དོན་གལ་ཆེན་ཐད་ནས་བསམ་འཆར་བརྗེ་རེས་བྱེད་པའི་ཞོར་དུ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པར་འདོད།

མི་བསྡད་མེད་པའི་གནམ་གྲུའི་བར་སྣང་འཇབ་རྒོལ་ནི་ཞེ་ལི་ཧྥུའུ་ཡིས་ཨ་མེ་རི་ཁར་འཚམས་འདྲི་བྱེད་པའི་གླེང་གཞི་གལ་ཆེན་ཞིག་ཡིན་པ་དང་། ད་ལོའི་ཚུན་ལ། ཕཱ་ཁི་སི་ཐན་གྱི་མི་བརྒྱ་ཕྲག་འགའ་ཨ་མེ་རི་ཁའི་མི་བསྡད་མེད་པའི་གནམ་གྲུའི་བར་སྣང་འཇབ་རྒོལ་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་ཐེངས་མང་བོར་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་ལས་ཕཱ་ཁི་སི་ཐན་གྱི་བདག་དབང་ལ་གནོད་པ་ཐེབས་པའི་ཚུལ་བསྟན་ཡང་། སྣང་ཚུལ་དེར་ལེགས་བཅོས་མངོན་གསལ་ཐོབ་མེད།

ཞེ་ལི་ཧྥུའུ་ཡིས་ཉིན་དེར་གཏམ་བཤད་སྤེལ་སྐབས་ནན་གྱིས་བསྟན་དོན། མི་བསྡད་མེད་པའི་གནམ་གྲུའི་བར་སྣང་འཇབ་རྒོལ་དེ་ཕཱ་ཁི་སི་ཐན་དང་ཨ་མེ་རི་ཁའི་འབྲེལ་བར་ཤུགས་རྐྱེན་ཆེ་བའི་གནད་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་དང་། ཨ་མེ་རི་ཁའི་ཕྱོགས་ཀྱིས་མི་བསྡད་མེད་པའི་གནམ་གྲུའི་བར་སྣང་འཇབ་རྒོལ་འགུལ་སྐྱོད་མཚམས་འཇོག་དགོས། དེས་ཕཱ་ཁི་སི་ཐན་གྱིས་འཇིགས་སྐུལ་རིང་ལུགས་མེད་པར་གཏོང་བའི་ཆོད་སེམས་དང་བརྩོན་སེམས་ལ་གནོད་པ་ཐེབས་ཀྱིན་ཡོད་ཟེར།

ཕཱ་ཁི་སི་ཐན་ཕྱོགས་ཀྱིས་དོ་སྣང་བྱེད་པའི་གནད་དོན་རྒྱས་བཤད་བྱས་པའི་ཞོར་དུ་ཞེ་ལི་ཧྥུའུ་ཡིས་ཕཱ་ཁི་སི་ཐན་དང་ཨ་མེ་རི་ཁའི་འབྲེལ་བའི་མཉམ་ལས་སྦས་ཤུགས་ལ་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གནད་དོན་རེ་འགའ་བྱུང་ཡོད་ཀྱང་། སྔར་བཞིན་རྨང་གཞི་བརྟན་པོ་ཡོད་པ་དང་། ཨ་ཧྥུའུ་ཧན་གྱི་གནས་བབ་དང་ཨེ་ཤ་ཡཱ་ལྷོ་མའི་ཞི་བདེ་དང་བརྟན་འཇགས། དབུས་ཤར་གྱི་ཞི་བདེ་དང་བརྟན་འཇགས། འཇིགས་སྐུལ་རིང་ལུགས་དང་ཐལ་སྤྱོད་རིང་ལུགས་ལ་ངོ་རྒོལ་བྱེད་པ་སོགས་གནད་དོན་ཐད་ཐུན་མོང་གི་ཁེ་ཕན་ཡོད་པས། རྒྱལ་ཁབ་གཉིས་ཀྱི་ཨ་ཧྥུའུ་ཧན་གནད་དོན་ཐད་ནས་མཉམ་ལས་ཇེ་ཟབ་ཏུ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཞེ་ལི་ཧྥུའུ་ཡིས་ཨ་མེ་རི་ཁའི་ཁེ་ལས་ཀྱིས་ཕཱ་ཁི་སི་ཐན་ནས་མ་དངུལ་གཏོང་བར་དགའ་བསུ་ཞུས་པ་དང་། རྒྱལ་ཁབ་གཉིས་ཀྱིས་ནུས་ཁུངས་དང་ལག་རྩལ། སློབ་གསོ། ཞིང་ལས་བཅས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་པ་དང་སློབ་མ། མགོ་ཁྲིད་པ། གནས་སྐོར་བ་བཅས་ཀྱི་འགྲོ་འོང་ལ་ཤུགས་སྣོན་བྱས་ཏེ་ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་དགོས་པའི་སྐུལ་མ་བཏང་། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག