མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བྱང་ཆིངས་རྩ་འཛུགས་ཀྱིས་ཕོ་ལན་སོགས་རྒྱལ་ཁབ་ནས་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་རྒྱུ་ཡིན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-23 10:29

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕོ་ལན་འཕྲིན་གཏོང་ཁང་གིས་སྤྱི་ཟླ10བའི་ཚེས22ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱལ་ཁབ་བཅུ་བཞི་ནས་ཡོང་བའི་དམག་མི་སྟོང་དྲུག་ཙམ་ཟླ་བཅུ་གཅིག་པའི་ཚེས་གཉིས་ཉིན་ནས་ཚེས་དགུའི་ཉིན་བར་ཕོ་ལན་དང་པའོ་ལོ་ཏི་རྒྱ་མཚོ་ས་ཁུལ་གྱི་རྒྱལ་ཁབ་དག་ནས་བྱང་ཆིངས་རྩ་འཛུགས་ཀྱི་ཉིས་སྟོང་བཅུ་གསུམ་ལོའི་དམག་དོན་སྦྱོང་བརྡར་བྱ་འགུལ་ལ་ཞུགས་རྒྱུ་རེད་ཟེར།

དེ་ནི་བྱང་ཆིངས་རྩ་འཛུགས་ཀྱིས་ལོ་མང་བོའི་རིང་གི་གཞི་རྒྱ་ཆེས་ཆེ་བའི་དམག་དོན་སྦྱོང་བརྡར་བྱ་འགུལ་ཞིག་ཡིན་པ་དང་། བྱང་ཆིངས་རྩ་འཛུགས་དམག་དཔུང་གི་དཔྱད་ཞིབ་ཐེངས་ཤིག་ཀྱང་རེད། སྐབས་ཐོག་དེར་བྱང་ཆིངས་རྩ་འཛུགས་ཀྱི་མནའ་འབྲེལ་རྒྱལ་ཁབ་སོ་སོ་དང་དེའི་གྲོགས་པོའི་རྒྱལ་ཁབ་ཧྥུན་ལན་དང་། སུའེ་ཙེར། བུའུ་ཁི་ལན་བཅས་ཀྱི་མཁའ་སྐམ་མཚོ་གསུམ་དང་དམིགས་བསལ་དམག་དཔུང་དག་མཉམ་དུ་དམག་དོན་སྦྱོང་བརྡར་ལ་ཞུགས་རྒྱུ་རེད། དེའི་ནང་དམག་མི་སྟོང་གསུམ་གྱིས་ཕོ་ལན་གྱི་པའོ་མའོ་རོས་ཞིང་ཆེན་གྱི་ཏི་ལཱ་ཧྥུའུ་སི་ཁི་ས་ཁུལ་དང་བུའུ་སི་ཐི་ཁཱ་ཉེ་འདབས་ཀྱི་མཚོ་ཁོངས་ནས་དངོས་འཐབ་སྦྱོང་བརྡར་བྱེད་རྒྱུ་ཡིན་པ་དང་། གཞན་ཡང་དམག་མི་སྟོང་གསུམ་གྱིས་ལཱ་ཐོ་ཝེ་ཡཱའི་ཨ་ཏཱ་ཚི་དང་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་གཞན་པ་ནས་འཐབ་འཁྲུག་བཀོད་འདོམ་སྦྱོར་བརྡར་བྱ་འགུལ་སྤེལ་རྒྱུ་རེད།

དེ་ལས་གཞན་བྱང་ཆིངས་རྩ་འཛུགས་ཀྱི་མཉམ་འབྲེལ་འཐབ་འཁྲུག་བཀོད་འདོམ་པུའུ་ཡང་ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་ཞུགས་རྒྱུ་ཡིན་པ་དང་། བཀོད་འདོམ་པུའུ་དེས་སང་ལོ་ནས་བཟུང་བྱང་ཆིངས་རྩ་འཛུགས་ཀྱི་མཉམ་འབྲེལ་འཐབ་འཁྲུག་ལས་འགན་གང་རུང་ལ་འགན་འཁུར་རྒྱུ་རེད། དམག་དོན་སྦྱོང་བརྡར་གྱི་དམིགས་ཡུལ་ནི་བྱང་ཆིངས་རྩ་འཛུགས་དམག་དཔུང་གིས་ཆ་རྐྱེན་གང་རུང་འོག་མཉམ་དུ་འཐབ་འཁྲུག་བྱེད་པ་དང་རྙོག་འཛིང་གི་ལས་འགན་ལག་བསྟར་བྱེད་པའི་ནུས་པར་སྦྱོང་བརྡར་དང་དཔྱད་ཞིབ་བྱེད་པའི་ཆེད་དུ་རེད། ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་བྱང་ཆིངས་རྩ་འཛུགས་ཀྱི་མཉམ་འབྲེལ་འཐབ་འཁྲུག་ལྟེ་གནས་ཀྱིས་བཀོད་འདོམ་དང་ཇུས་འགོད་བྱེད་རྒྱུ་རེད།

ཕོ་ལན་རྒྱལ་ཁབ་ཀྱིས་ལོ་མང་བོའི་རིང་ལ་བྱང་ཆིངས་རྩ་འཛུགས་ཀྱི་འགོག་སྲུང་ལས་དོན་ཁྲོད་ནུས་པ་འདོན་པར་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། ནམ་རྒྱུན་བྱང་ཆིངས་རྩ་འཛུགས་ཀྱི་དམག་དཔུང་གིས་ཕོ་ལན་ནས་གཞི་རྒྱ་ཆེ་བའི་དངོས་འཐབ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་བར་བརྩོན་ལེན་བྱེད་བཞིན་ཡོད་ལ། ན་ནིང་གི་བྱང་ཆིངས་རྩ་འཛུགས་ཀྱི་ཀྲི་ཅཱ་ཀིའི་མཐོ་རིམ་གྲོས་ཚོགས་སྟེང་ཕོ་ལན་གྱི་འཐུས་ཚབ་ཚོགས་པས་ཉིས་སྟོང་བཅུ་གསུམ་ལོའི་དམག་དོན་སྦྱོང་བརྡར་གྱི་གཞི་རྒྱ་ཇེ་ཆེར་གཏོང་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། དམག་དོན་སྦྱོང་བརྡར་བྱ་འགུལ་དེ་ཕོ་ལན་ནས་སྤེལ་དགོས་པའི་རེ་བ་བཏོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག