མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སིའི་ཙུང་ཐུང་གིས་ཨ་མེ་རི་ཁས་ཧྥ་རན་སིའི་སྤྱི་དམངས་མང་བོའི་ཁ་པར་ལ་ལྐོག་ཉན་བྱས་པའི་བྱ་སྤྱོད་ལ་རྒོལ་གཏམ་དྲག་པོ་བཏང་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-22 11:07

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཨོ་ལིང་ཏི་ཡིས་སྤྱི་ཟླ10བའི་ཚེས21ཉིན་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ལ་ཁ་པར་བཏང་སྟེ། ཨ་མེ་རི་ཁས་ཧྥ་རན་སིའི་སྤྱི་དམངས་མང་བོའི་ཁ་པར་ལ་ལྐོག་ཉན་བྱས་པའི་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། རིགས་དེ་མཚུངས་ཀྱི་བྱ་སྤྱོད་ནི་དང་ལེན་བྱེད་ཐབས་མེད་པར་འདོད།

ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ལྟར་ན། ཨོ་ལིང་ཏི་ཡིས་ཨ་མེ་རི་ཁས་དོན་དེར་འགྲེལ་བཤད་གསལ་བོ་བྱེད་དགོས་པའི་རེ་བ་བཏོན། སྤྱི་སྒྲོག་ལས་བཤད་རྒྱུར། ཁ་པར་གཏོང་སྐབས་ཨོ་ལིང་ཏི་དང་ཨོ་པཱ་མཱ་གཉིས་ཀྱིས་གསང་འཕྲིན་འཚོལ་སྡུད་བྱེད་པའི་བྱ་སྤྱོད་ཀྱིས་ངེས་པར་དུ་ཚད་གཞི་ངེས་ཅན་ཞིག་བརྩི་སྲུང་བྱེད་དགོས་ཟེར།

དེ་ལས་གཞན་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ཡིས་སྤྱི་ཟླ10བའི་ཚེས21ཉིན་ཕཱ་རེ་སི་ནས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཨ་མེ་རི་ཁས་ཧྥ་རན་སི་དང་བཅས་པའི་རྒྱལ་ཁབ་རེ་འགའི་བར་གྲོས་མོལ་བྱས་ཏེ། གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་ཨ་མེ་རི་ཁའི་སྲིད་གཞུང་གི་ལས་ཁུངས་རེ་འགས་ཧྥ་རན་སིའི་སྤྱི་དམངས་ཀྱི་ཁ་པར་ལ་ལྐོག་ཉན་བྱས་པར་བརྗོད་པའི་དོན་རྐྱེན་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།

ཧྥ་པུས་ཡུག་སི་ཡིས་སྤྱི་ཟླ10བའི་ཚེས21ཉིན་བཤད་རྒྱུར། ཨ་མེ་རི་ཁའི་རྒྱལ་ཁབ་བདེ་འཇགས་ཅུའུ་ཡིས་ཧྥ་རན་སིའི་སྤྱི་དམངས་ཀྱི་ཁ་པར་ལ་ལྐོག་ཉན་བྱས་པའི་བྱ་སྤྱོད་ནི་རྩ་བ་ནས་དང་ལེན་བྱེད་ཐབས་མེད་པ་ཞིག་ཡིན་པ་དང་། ཁོས་བཤད་རྒྱུར། ཚེས22ཉིན་གྱི་སྔ་དྲོར་ཁི་ལེ་དང་གྲོས་མོལ་བྱེད་སྐབས་ཁི་ལེ་ཡིས་ལྐོག་ཉན་དོན་རྐྱེན་ཐད་ནས་འགྲེལ་བཤད་གསལ་བོ་བྱེད་དགོས་པའི་རེ་བ་འདོན་རྒྱུ་ཡིན་ཟེར།

ཧྥ་རན་སིའི་ཙུང་ལི་ཨེ་ལོ་ཡིས་སྤྱི་ཟླ10བའི་ཚེས21ཉིན་བསྟན་དོན། ཁོ་རང་ཨ་མེ་རི་ཁས་ཧྥ་རན་སིའི་སྤྱི་དམངས་མང་བོའི་ཁ་པར་ལ་ལྐོག་ཉན་བྱས་པའི་དོན་རྐྱེན་དེར་ཧ་ལས་ཡོད་པ་དང་། ཨ་མེ་རི་ཁས་མི་སྒེར་གྱི་འཕྲིན་གཏོང་དེ་འདྲ་མང་བོ་ཞིག་ལ་ལྐོག་ཉན་བྱས་པ་ནི་ཡིད་ཆེས་བྱེད་དཀའ་བ་ཞིག་རེད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག