མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་པན་གྱི་དབུ་བཞུགས་བློན་ཆེན་གྱིས་བཙན་འཛུལ་བྱེད་པའི་མི་བསྡད་མེད་པའི་གནམ་གྲུར་རྒོལ་ལན་སྤྲོད་པར་ཆོག་མཆན་བཀོད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-22 11:07

2.jpg

3.jpg

འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་སྲིད་གཞུང་གི་འབྲེལ་ཡོད་མི་སྣས་སྤྱི་ཟླ10བའི་ཚེས20ཉིན་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཟླ་འདིའི་ཚེས་བཅུ་གཅིག་ཉིན། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་འགོག་སྲུང་བློན་ཆེན་ཞའོ་ཡེ་སི་བུའུ་ཏེན་གྱི་འཇར་པན་གྱི་མངའ་ཁོངས་ལ་རྒོལ་བའི་མི་བསྡད་མེད་པའི་གནམ་གྲུར་ཇི་ལྟར་རྒོལ་ལན་སྤྲོད་པའི་བྱེད་ཕྱོགས་ལ་ཆོག་མཆན་བཀོད།

    ཞའོ་ཡེ་སི་བུའུ་ཏེན་གྱི་བྱེད་ཕྱོགས་ནི། གལ་ཏེ་འཇར་པན་གྱི་མངའ་ཁོངས་ལ་ཕྱི་རྒྱལ་གྱི་མི་བསྡད་མེད་པའི་གནམ་གྲུས་འཇར་པན་ཕྱོགས་ཀྱི་ཉེན་བརྡ་སྣང་མེད་དུ་བྱས་ཏེ་བཙན་འཛུལ་བྱེད་ན། འཇར་པན་ཕྱོགས་ཀྱིས་དེར་མི་བསྡད་ཡོད་པའི་གནམ་གྲུ་དང་འདྲ་བར་བྱེད་ཐབས་ནུས་ལྡན་སྤྱད་དེ་སར་འཕང་ཡང་ཆོག་པ་རེད།

    ཐུན་མོང་འཕྲིན་གཏོང་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། 2013ལོའི་ཟླ9བར། ཀྲུང་གོའི་མི་བསྡད་མེད་པའི་གནམ་གྲུ་ཞིག་འཇར་པན་གྱི་མཁའ་སྲུང་ཁྱབ་ཁོངས་སུ་ཡོང་ནས། ཏེའོ་ཡུས་གླིང་ཕྲན་དང་དེའི་ཉེ་འདབས་མཁའ་ཁོངས་སུ་འཕུར་བསྐྱོད་བྱས་མྱོང་ཟེར།

    དེའི་རྗེས་སུ་འཇར་པན་འགོག་སྲུང་ལས་ཁུངས་དང་རང་སྲུང་དམག་དཔུང་གིས་ཕྱིན་ཆད་ཀྱི་འབྲེལ་ཡོད་སྲིད་ཇུས་ཐད་ནས་གྲོས་བསྡུར་བྱས། འཇར་པན་ཕྱོགས་ཀྱིས་བལྟས་ན། ཀྲུང་གོས་གསར་གཏོད་བྱས་པའི་མི་བསྡད་མེད་པའི་གནམ་གྲུའི་སྟེང་། ཆེས་ཕུལ་དུ་བྱུང་བའི་པར་ལེན་འཕྲུལ་ཆས་དང་བྱེད་ནུས་མཐོ་བའི་ལེ་ཏཱ་སྒྲིག་སྦྱོར་བྱས་ཡོད་པས། མི་བསྡད་ཡོད་པའི་གནམ་གྲུ་དང་འདྲ་བར་འཇར་པན་ཕྱོགས་ཀྱི་ཉེན་བརྡ་གསལ་འབྱེད་བྱེད་ཐུབ་པས། མི་བསྡད་ཡོད་པའི་གནམ་གྲུ་དང་འདྲ་བའི་བྱེད་ཐབས་དྲག་པོ་སྤྱོད་རྒྱུ་ཐག་བཅད་པ་ཡིན་ཟེར།

    ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་སྤྱི་ཟླ10བའི་ཚེས21ཉིན་འཇར་པན་འགོག་སྲུང་བློན་ཆེན་ཞའོ་ཡེ་སི་བུའུ་ཏེན་གྱིས་ཁྲའོ་ཞན་གྱི་འཕུར་མདའི་རྟེན་གཞི་ལ་རྒོལ་བའི་ནུས་པར་ཞིབ་འཇུག་བྱེད་དགོས་ཞེས་པའི་གཏམ་བཤད་ལ་རྒོལ་གཏམ་བཏང་བ་དང་། གཏམ་བཤད་དེ་ལས་འཇར་པན་གྱི་དེང་རབས་དམག་དོན་རྒྱལ་ཁབ་ཆེན་མོར་འགྱུར་འདོད་ཀྱི་གཡོ་ཇུས་གསལ་རྗེན་དུ་མངོན་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག