མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱ་གར་གྱི་ཙུང་ལི་ཡིས་ཨུ་རུ་སི་རུ་འཚམས་འདྲི་བྱས་ཏེ་ཕྱོགས་ཡོངས་ཀྱི་མཉམ་ལས་ལ་བརྩོན་བཞིན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-22 11:07

1.jpg

ཨུ་རུ་སིའི་ཏི་ཝུན་སི་ཁི་བྱང་མའི་སྐར་ཆུང་ཞེས་པའི་གྲུ་གཟིངས་ཞིག་གསོ་ལྟེ་གནས་ནས། རྒྱ་གར་གྱི་མཚོ་དམག་ལ་སྒྱུར་སྒྲིག་བྱས་པའི་ཞིན་ཏུའུ་ལཱ་ཁི་ཧྲ་ཁི་རྟགས་ཅན་གྱི་ཆུ་འཛུལ་གྲུ་གཟིངས་ཆུ་ནང་དུ་འཇོག་བཞིན་པ།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སི་རྒྱལ་ཁབ་ཏུ་འཚམས་འདྲི་བྱེད་བཞིན་པའི་རྒྱ་གར་གྱི་ཙུང་ལི་ཞིན་ཀི་ཡིས་སྤྱི་ཟླ10བའི་ཚེས21ཉིན་མའོ་སི་ཁི་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་བྱས། ཕུའུ་ཅིན་གྱིས་རྒྱལ་ཁབ་གཉིས་ཀྱིས་རྒྱལ་སྤྱིའི་གར་སྟེགས་སུ་མཉམ་ལས་བྱས་པར་གདེང་འཇོག་ཆེན་པོ་བྱས། ཨུ་རུ་སི་ལ་འཚམས་འདྲི་མ་བྱས་གོང་། ཞིན་ཀི་ཡིས་ཨུ་རུ་སིའི་གསར་འགྱུར་ལས་རིགས་ལ་བསྟན་དོན། ཐེངས་འདིའི་འཚམས་འདྲི་བརྒྱུད་དེ་རྒྱ་གར་དང་ཨུ་རུ་སིའི་ཕྱོགས་ཡོངས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་གཏང་རྒྱུ་ཡིན་ཟེར། ཞིན་ཀི་ཡིས་ཨུ་རུ་སི་ལ་འཚམས་འདྲི་བྱེད་པའི་དུས་ཡུན་ཉིན་གསུམ་ལས་མེད་ཀྱང་། དེ་ནི་ཞིན་ཀིའི་འགན་ཡུན་ནང་གི་ཆེས་མཇུག་མཐར་ཨུ་རུ་སི་ལ་འཚམས་འདྲི་བྱས་པ་ཡིན་སྲིད་པས། རྒྱ་གར་གྱིས་ཕྱོགས་གཉིས་ཀྱིས་ནུས་ཁུངས་དང་དམག་དོན། དཔལ་འབྱོར་ཉོ་ཚོང་སོགས་ཁྱབ་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་མཉམ་ལས་ལ་གྲུབ་འབྲས་གསར་བ་ཐོབ་པར་རེ་བ་ཆེན་པོ་བཅངས་ཡོད།

    ཞིན་ཀི་ཡིས་ཐེངས་འདིར་ཨུ་རུ་སི་ལ་འཚམས་འདྲི་བྱེད་སྐབས་རྒྱ་གར་དང་ཨུ་རུ་སིའི་མཐོ་རིམ་ལོ་ཚོགས་ཐེངས་བཅུ་བཞི་བར་ཞུགས་རྒྱུ་ཡིན་པ་དང་། དེ་ནི་ཁོས་ཐེངས་དགུ་བར་ཨུ་རུ་སིའི་མགོ་ཁྲིད་པ་དང་གྲོས་མོལ་བྱས་པ་ཡིན་ལ། ནུས་ཁུངས་མཉམ་ལས་ནི་རྒྱ་གར་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་གཙོ་གནད་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱིས་ཉིང་རྡུལ་ནུས་པ་དང་རྡོ་སྣུམ་ནུས་ཁུངས་ཀྱི་མཉམ་ལས་ཁྲོད་གྲུབ་འབྲས་ལེན་པར་རེ་བཞིན་ཡོད།

    རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་དུ་རྒྱ་གར་ལྷོ་ཕྱོགས་ཀྱི་ཐེ་མུས་ཨར་ནཱ་ཏི་པང་གི་ཁུའུ་ཏན་ཁུའུ་ལཱ་མུའུ་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཀྱི་སྒྲིག་ཆས་མ་ལག་གསུམ་པ་དང་བཞི་བ་གཉིས་འཛུགས་སྐྲུན་བྱེད་པའི་ལས་གཞི་ལ་གྲོས་བསྡུར་བྱེད་རྒྱུ་རེད། རྒྱ་གར་ཕྱོགས་ཀྱིས་བཤད་རྒྱུར། འབྲེལ་ཡོད་གན་རྒྱ་མྱུར་དུ་འགོད་ཐུབ་པར་ཡིད་ཆེས་ཡོད་པ་དང་། ཁུའུ་ཏན་ཁུའུ་ལཱ་མུའུ་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ནི་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བའི་མཇུག་ཏུ་བཀོད་པའི་དུས་རབས་བརྒལ་བའི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཀྱི་མཉམ་ལས་ལས་གཞི་ཞིག་ཡིན་ཡང་། ཉིས་སྟོང་གཉིས་ལོར་ད་གཟོད་གྲོས་མཐུན་དེ་དངོས་འབེབ་བྱས་པ་དང་། མིག་སྔར་སྒྲིག་ཆས་མ་ལག་དང་པོ་ལེགས་འགྲུབ་བྱུང་ནས་བཀོལ་སྤྱོད་བྱེད་རྒྱུ་ཡིན་པ་དང་། སྒྲིག་ཆས་མ་ལག་གཉིས་པའི་འཛུགས་སྐྲུན་མཇུག་སྒྲིལ་ལ་ཉེ།

    ཨུ་རུ་སིས་འཛུགས་སྐྲུན་གྱི་འགན་ཁུར་བའི་རྒྱ་གར་གྱི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཀྱི་ལས་གཞི་དེ་འདྲའི་བདེ་བླག་མིན་ཞིང་། རྒྱ་གར་གྱིས་གྲོས་ཁང་ནས་ཉིས་སྟོང་བཅུ་ལོར་གྲོས་འཆམ་བྱུང་བའི་ཉིང་རྡུལ་ནུས་པའི་འགན་འཁྲིའི་བཅའ་ཁྲིམས་རྒྱབ་བརྟེན་དུ་བྱས་ཏེ། ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཀྱི་སྒྲིག་ཆས་མ་ལག་དང་པོ་དང་གཉིས་པའི་འཛུགས་སྐྲུན་གྲོས་མཐུན་ནང་། འཛུགས་སྐྲུན་གྱི་འགན་ཁུར་མཁན་གྱིས་དོན་རྐྱེན་དང་གནོད་འཚེ་སོགས་ལ་འགན་ཁུར་བའི་ནང་དོན་ཁ་སྣོན་བྱེད་དགོས་པའི་རེ་བ་བཏོན་ཡང་ཨུ་རུ་སི་ཡིས་དེར་ངོ་རྒོལ་བྱས་པ་དང་། གཅིག་སྟོང་དགུ་བརྒྱ་གྱ་བརྒྱད་ལོར་ཕྱོགས་གཉིས་ཀྱིས་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཀྱི་འཛུགས་སྐྲུན་གྲོས་མཐུན་འགོད་སྐབས། རྒྱ་གར་གྱི་ཉིང་རྡུལ་ནུས་པའི་འགན་འཁྲིའི་བཅའ་ཁྲིམས་བཏོན་མེད་པ་དང་། སྒྲིག་ཆས་མ་ལག་གསུམ་པ་དང་བཞི་བ་ཡང་སྔོན་གྱི་མ་ལག་གི་ཁོངས་སུ་གཏོགས་པས། ཉིང་རྡུལ་ནུས་པའི་འགན་འཁྲིའི་བཅའ་ཁྲིམས་ཀྱི་ཚད་བཀག་ཐེབས་མི་རུང་བར་འདོད།

    ཉིང་རྡུལ་ནུས་པ་ལས་གཞན་རྡོ་སྣུམ་ནུས་ཁུངས་ཀྱི་མཉམ་ལས་ཡང་ཞིན་ཀི་ཡིས་ཡར་སྐུལ་བྱེད་པའི་གཙོ་གནད་རེད། ཞིན་ཀི་ཡིས་བཤད་རྒྱུར། རྡོ་སྣུམ་ནི་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་ཁྱབ་ཁོངས་གཙོ་བོ་ཞིག་ཡིན་པ་དང་། ང་ཚོས་ཨུ་རུ་སིའི་རྡོ་སྣུམ་དང་སོལ་རླངས་ཁྱབ་ཁོངས་བར་མཉམ་ལས་བྱེད་སྲིད་པ་དང་། ཨུ་རུ་སི་ནས་རྒྱ་གར་ལ་ནུས་ཁུངས་འདོན་སྤྲོད་བྱེད་པར་ཞིབ་འཇུག་བྱེད་བཞིན་ཡོད། མིག་སྔར། ཨུ་རུ་སི་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱིས་ཨུ་རུ་སིའི་སཱ་ཧཱ་ལིན་རང་བྱུང་སོལ་རླངས་སྔོག་འདོན་ལས་ཡུལ་དང་པོའི་ལས་གཞིའི་ཐད་ནས་མཉམ་ལས་བྱེད་བཞིན་ཡོད་པ་དང་། དེའི་ནང་རྒྱ་གར་གྱི་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀུང་ཟིས་བརྒྱ་ཆའི་ཉི་ཤུའི་མ་དངུལ་བཏང་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག