མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སིའི་སྤྱི་སྤྱོད་རླངས་འཁོར་ལ་འགས་གཏོར་བྱུང་སྟེ་མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་མི་ཉི་ཤུ་ལ་རྨས་ཕོག་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-22 11:07

4.jpg

འགས་གཏོར་དོན་རྐྱེན་དེ་ཧྥུའུ་ཨར་ཅཱ་ཀི་ལེ་གྲོང་ཁྱེར་གྱི་དམར་དམག་ས་ཁུལ་གྱི་ནགས་ལས་རྟེན་གཞིའི་རླངས་འཁོར་འབབ་ཚིགས་ཀྱི་ཉེ་འགྲམ་ནས་བྱུང་བ་དང་། པར་འདི་ནི་འགས་གཏོར་བྱུང་བའི་སྤྱི་སྤྱོད་རླངས་འཁོར་རེད།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ལྷོ་ཕྱོགས་ཀྱི་ཧྥུའུ་ཨར་ཅཱ་ཀི་ལེ་གྲོང་ཁྱེར་ནས་སྤྱི་ཟླ10བའི་ཚེས21ཉིན་སྤྱི་སྤྱོད་རླངས་འཁོར་ཞིག་འགས་གཏོར་བྱུང་བའི་དོན་རྐྱེན་བྱུང་སྟེ། མིག་སྔར་མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་ཉི་ཤུ་ལྷག་ལ་རྨས་ཕོག ཨུ་རུ་སིའི་དཔོན་ཕྱོགས་ཀྱིས་དེ་ནི་འཇིགས་སྐུལ་འཇབ་རྒོལ་ཞིག་ཡིན་པར་ངོས་འཛིན་བྱས་ཡོད།

    ཨུ་རུ་སིའི་བྲེལ་མྱུར་གནས་ཚུལ་པུའུ་ཡི་མགྲིན་ཚབ་པ་དབྱེ་ལིན་ནཱ་ཡིས་བཤད་རྒྱུར། འགས་གཏོར་དོན་རྐྱེན་དེ་ཧྥུའུ་ཨར་ཅཱ་ཀི་ལེ་གྲོང་ཁྱེར་གྱི་དམར་དམག་ས་ཁུལ་གྱི་ནགས་ལས་རྟེན་གཞིའི་རླངས་འཁོར་འབབ་ཚིགས་ཀྱི་ཉེ་འགྲམ་ནས་བྱུང་བ་དང་།འགས་གཏོར་བྱུང་སྐབས་སྤྱི་སྤྱོད་རླངས་འཁོར་སྟེང་ཧ་ལམ་འགྲུལ་བ་བཞི་བཅུ་ཡོད། རྨས་མ་ཉི་ཤུ་ཡོད་པའི་ནང་མི་བཅུ་ཡི་རྨས་སྐྱོན་ཚབས་ཆེན་ཡིན་ལ། རྒུད་སྐྱོབ་མི་སྣ་བརྒྱ་དང་ལྔ་བཅུ་ཡིས་ཡུལ་དངོས་སུ་རྒུད་སྐྱོབ་བྱེད་བཞིན་ཡོད་ཟེར།

    ཧྥུའུ་ཨར་ཅཱ་ཀི་ལེའི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་ཞིག་གིས་བཤད་རྒྱུར། རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། འགྲུལ་སྐྱེལ་རླངས་འཁོར་དེའི་འབར་རླངས་སྒྲིག་ཆས་འགས་གཏོར་བྱུང་བ་རེད་ཟེར། ཡིན་ན་ཡང་བདེ་འཇགས་སྡེ་ཁག་གི་དཔོན་རིགས་ཤིག་གིས་བཤད་རྒྱུར། བསམ་བཞིན་དུ་རླངས་འཁོར་སྟེང་འགས་གཏོར་སྒྲིག་ཆས་བཞག་པ་རེད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག