མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་ནུབ་ཕྱོགས་ས་ཁུལ་གྱི་གྲོང་ཁྱེར་སྲིད་གཞུང་ཐོག་ཁང་ཆེན་མོ་ཞིག་ལ་འཇབ་རྒོལ་ཐེབས་ཏེ་ཉུང་མཐར་ཡང་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-21 11:36

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་ཉེན་རྟོག་ཕྱོགས་ཀྱིས་སྤྱི་ཟླ10བའི་ཚེས20ཉིན་བཤད་རྒྱུར། དབྱི་རག་ནུབ་ཕྱོགས་ཀྱི་གྲོང་ཁྱེར་སྲིད་གཞུང་གི་ཐོག་ཁང་ཆེན་མོ་ཞིག་དང་དེའི་ཉེ་འདབས་ཀྱི་ཞིབ་བཤེར་ས་ཚིགས་ནས་ཉིན་དེར་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐེངས་གསུམ་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་བདུན་ལ་རྨས་ཕོག་ཟེར།

མིང་བཤད་མི་འདོད་པའི་དབྱི་རག་ཉེན་རྟོག་ཕྱོགས་ཀྱི་མི་སྣ་ཞིག་གིས་གསར་འགོད་པར་བཤད་རྒྱུར། དབྱི་རག་ནུབ་ཕྱོགས་ཀྱི་ཨན་པཱར་ཞིང་ཆེན་གྱི་ལཱ་ཝ་གྲོང་ཁྱེར་ནས་ཉིན་དེའི་ཉིན་གུང་བསྟུད་མར་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐེངས་གསུམ་བྱུང་། དེའི་ནང་རང་སྲོག་གཅོད་པའི་འཇབ་རྒོལ་མཁན་ཞིག་གིས་གྲོང་ཁྱེར་སྲིད་གཞུང་གི་ཐོག་ཁང་ཆེན་མོའི་ནང་རང་ལུས་ཀྱི་འགད་རྫས་འགས་གཏོར་བཏང་སྟེ། ཉུང་མཐར་ཡང་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ལ་རྨས་ཕོག་ཟེར། གཞན་ཡང་རང་སྲོག་གཅོད་པའི་འཇབ་རྒོལ་མཁན་གཞན་གྱིས་གྲོང་ཁྱེར་སྲིད་གཞུང་གི་ཐོག་ཁང་ཆེན་མོའི་ཉེ་འདབས་ཀྱི་ཞིབ་བཤེར་ས་ཚིགས་གཉིས་ནས་འགས་གཏོར་བཏང་ནས། མི་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་བདུན་ལ་རྨས་ཕོག་ཟེར།

ལཱ་ཝ་གྲོང་ཁྱེར་དེ་རྒྱལ་ས་པཱ་ཀ་ཏཱའི་ནུབ་ངོས་ཀྱི་སྤྱི་ལེ་ཉིས་བརྒྱ་དང་བརྒྱད་ཅུའི་མཚམས་སུ་གནས་ཤིང་། སི་རི་ཡཱ་དང་དབྱི་རག་གི་རྒྱལ་མཚམས་དང་བར་ཐག་ཉེ་བ་རེད། ལཱ་ཝ་གྲོང་ཁྱེར་དང་དེ་ཡོད་སའི་ཨན་པཱར་ཞིང་ཆེན་དེ་ནམ་རྒྱུན་རྟེན་གཞི་རྩ་འཛུགས་འགུལ་སྐྱོད་བྱེད་སའི་གནས་སུ་གྱུར་ཡོད་པ་དང་། སྲིད་གཞུང་དང་བདེ་འཇགས་དམག་དཔུང་ལ་དམིགས་པའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་དུས་ངེས་མེད་དུ་འབྱུང་བཞིན་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག