མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱ་གར་གྱི་ཙུང་ལི་ཞིན་ཀི་ཡིས་ཨུ་རུ་སི་རྒྱལ་ཁབ་ལ་འཚམས་འདྲི་བྱེད་མགོ་བརྩམས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-21 11:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་གྱི་ཙུང་ལི་ཞིན་ཀི་སྤྱི་ཟླ10བའི་ཚེས20ཉིན་མའོ་སི་ཁི་རུ་འབྱོར་ཏེ། ཨུ་རུ་སི་རྒྱལ་ཁབ་ལ་དུས་ཡུན་ཉིན་གསུམ་གྱི་དངོས་གཞིའི་འཚམས་འདྲི་བྱེད་མགོ་བརྩམས།

ཨུ་རུ་སིའི་ཙུང་ཐུང་གསར་འགྱུར་ཁྲུའུ་ཡིས་བཤད་རྒྱུར། ཞིན་ཀི་ཡིས་ཨུ་རུ་སི་རྒྱལ་ཁབ་ཏུ་འཚམས་འདྲི་བྱེད་སྐབས། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་གྱི་འབྲེལ་བའི་འཕེལ་རྒྱས་ཁྲོད་གནས་པའི་གནད་དོན་གལ་ཆེན་དང་། ཨུ་རུ་སིའི་ཙུང་ཐུང་གིས་རྒྱ་གར་ལ་དངོས་གཞིའི་འཚམས་འདྲི་བྱེད་སྐབས་བཀོད་པའི་གྲོས་མཐུན་དངོས་འབེབས་བྱེད་པའི་གནད་དོན། དེ་མིན་ཨ་ཧྥུའུ་ཧན་དང་། དབུས་ཤར། ཨ་ཧྥེ་རི་ཁ་བྱང་མའི་གནས་བབ་སོགས་ཀྱི་ཐད་ནས་བསམ་འཆར་བརྗེ་རེས་བྱས།

བསྒྲགས་པའི་གནས་ཚུལ་ལྟར་ན། ཞིན་ཀི་ཡིས་རྒྱ་གར་ནས་ལམ་དུ་ཆས་སྐབས་བསྟན་དོན། རྒྱ་གར་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱིས་རྒྱལ་སྲུང་དང་། ཉིང་རྡུལ་ནུས་པ། རྡོ་སྣུམ། རང་བྱུང་སོལ་རླངས། ཉོ་ཚོང་། དངུལ་གཏོང་། མི་གཞུང་སོགས་ཁྱབ་ཁོངས་མང་བོ་ནས་མཉམ་ལས་བྱེད་བཞིན་ཡོད་པ་དང་། ཁོས་ཐེངས་འདིའི་འཚམས་འདྲི་བརྒྱུད་དེ་ཕྱོགས་སོ་སོ་ནས་རྒྱལ་ཁབ་གཉིས་ཀྱི་གྲོགས་པོའི་འབྲེལ་བ་རྒྱ་བསྐྱེད་པའི་རེ་བ་བཅངས་ཡོད་ཟེར།

ཁྱབ་སྒྲོག་བྱས་པའི་འགྲུལ་བཞུད་ཉིན་རིམ་ལྟར་ན། ཞིན་ཀི་ཡིས་སྤྱི་ཟླ10བའི་ཚེས21ཉིན་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་བྱེད་རྒྱུ་མ་ཟད། དམག་དཔུང་དང་བཟོ་བའི་ལས་དོན་གྱི་འགན་ཁུར་བའི་ཨུ་རུ་སིའི་སྲིད་གཞུང་གི་ཙུང་ལི་གཞོན་པ་ལོ་ཀི་ཅིན་དང་ཐུག་འཕྲད་བྱེད་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག