མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སི་རི་ཡཱའི་ཕྱོགས་ཁག་སོ་སོས་གནས་སྐབས་སུ་འཁྲུག་རྩོད་མཚམས་བཞག་སྟེ་རྒུད་སྐྱོབ་ལ་ཁག་ཐེག་བྱེད་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-20 10:16

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་ཨ་མའོ་སི་ཡིས་ཚེས19ཉིན་གསལ་སྒྲོག་སྤེལ་ཏེ། སི་རི་ཡཱའི་མི་ཆོས་རིང་ལུགས་ཀྱི་གནས་བབ་ལ་སེམས་ཁུར་བྱས་པ་དང་། སི་རི་ཡཱའི་ཕྱོགས་ཁག་སོ་སོས་མི་སེར་དཀྱུས་མར་དཀའ་སྡུག་བྱུང་ས་ནས་གནས་སྐབས་སུ་འཁྲུག་རྩོད་མཚམས་བཞག་སྟེ། མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དང་མི་སེར་དཀྱུས་མ་བདེ་འཇགས་ས་ཁུལ་དུ་ཕྱིར་འཐེན་བྱེད་པར་ཁག་ཐེག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨ་མའོ་སི་ཡིས་བཤད་རྒྱུར། སི་རི་ཡཱའི་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་མང་ཚོགས་ལ་དམིགས་པའི་ཡ་ང་བའི་དྲག་ཤུགས་བྱ་སྤྱོད་ལ་ཁོ་མོས་ནམ་རྒྱུན་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད། སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀིའི་ཞིང་སྡེ་ས་ཁུལ་མའོ་ཨ་ཏཱ་མུས་ཡེ་ནས་ཟླ་འགའི་རིང་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་བྱ་བ་སྤེལ་ཐུབ་མེད། བུད་མེད་དང་བྱིས་པ་གཙོ་བྱས་པའི་མི་སེར་དཀྱུས་མ་སྟོང་གསུམ་ལྷག་ཟླ་འདིའི་ཚེས་བཅུ་གསུམ་ཉིན་ས་ཁུལ་དེ་ནས་ཕྱིར་འཐེན་བྱས་ཀྱང་། མི་མང་བོ་སྔར་བཞིན་གནས་དེར་དཀའ་སྡུག་གིས་འཚོ་བཞིན་ཡོད་ཟེར། བསྒྲགས་པའི་གནས་ཚུལ་ལྟར་ན། ས་ཁུལ་དེའི་མེ་སྒྱོགས་ཀྱི་འཇབ་རྒོལ་དང་འཐབ་འཁྲུག་མུ་མཐུད་དུ་སྤེལ་བས། རྒུད་སྐྱོབ་བྱ་བ་སྤེལ་ཐབས་མེད་ཟེར།

ཨ་མའོ་སི་ཡིས་འབྲེལ་ཡོད་ཕྱོགས་སོ་སོས་མྱུར་དུ་མའོ་ཨ་ཏཱ་མུས་ཡེ་ས་ཁུལ་ནས་དགྲར་འཛིན་གྱི་བྱ་སྤྱོད་གནས་སྐབས་སུ་མཚམས་བཞག་སྟེ། མི་ཆོས་རིང་ལུགས་ལས་ཁུངས་ཀྱིས་ས་དེའི་མི་སེར་དཀྱུས་མ་ཕྱིར་འཐེན་བྱེད་པར་རོགས་རམ་བྱེད་པ་དང་། ཚེ་སྲོག་སྐྱོབ་པར་སྨན་རྫས་དང་དངོས་རྫས་འདོན་སྤྲོད་བྱེད་པར་བཀག་རྒྱ་མི་ཐེབས་པར་ཁག་ཐེག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨ་མའོ་སི་ཡིས་ད་རུང་བཤད་རྒྱུར། སི་རི་ཡཱའི་རྒྱལ་ཡོངས་ཀྱི་ས་ཁུལ་གཞན་པ་རེ་འགར་ཡང་ཁྱིམ་ཚང་ཁྲི་སྟོང་མང་བོ་དཀའ་སྡུག་གི་གནས་སུ་ལྷུང་ཡོད་ཟེར། ཁོ་མོས་ནན་གྱིས་བསྟན་དོན། མི་སེར་དཀྱུས་མ་དག་ངེས་པར་དུ་བདེ་འཇགས་ས་ཁུལ་དུ་ཕྱིར་འཐེན་བྱེད་དགོས་པ་དང་། འཁྲུག་རྩོད་བྱེད་པའི་ཕྱོགས་སོ་སོས་རྒྱལ་སྤྱིའི་འགྲོ་མིའི་ཐོབ་ཐང་དང་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་ལ་བརྩི་འཇོག་བྱས་ཤིང་། མི་སེར་དཀྱུས་མར་སྲུང་སྐྱོབ་བྱས་ཏེ། དབུས་གནས་དང་དྲང་བདེན་གྱི་མི་ཆོས་རིང་ལུགས་ལས་ཁུངས་ཀྱིས་སི་རི་ཡཱའི་ས་ཁུལ་སོ་སོ་ནས་བདེ་བླག་ངང་རོགས་སྐྱོར་བྱ་འགུལ་སྤེལ་བར་ཆོག་མཆན་འགོད་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག