མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱ་གར་ནས་ཆང་དུག་ཕོག་པའི་དོན་རྐྱེན་བྱུང་སྟེ་མི37རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-20 10:16

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་ཉེན་རྟོག་ཕྱོགས་ཀྱིས་ཚེས19ཉིན་བཤད་རྒྱུར། བྱང་ཕྱོགས་ས་ཁུལ་ནས་ཚེས18ཉིན་གྱི་དགོང་མོར་མི་མང་བོར་ཆང་དུག་ཕོག་པའི་དོན་རྐྱེན་ཞིག་བྱུང་བ་དང་། འབྱུང་རྐྱེན་ནི་ཁྲིམས་འགལ་གྱིས་བཟོས་པའི་སྤུས་ཞན་ཆང་རག་འཐུང་བས་རེད། ཉུང་མཐར་ཡང་མི37རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ཕྲག་འགའ་ལ་གནོད་པ་ཐེབས་ཡོད་ཟེར།

ཉེན་རྟོག་དཔོན་པོ་ཞིག་གིས་བཤད་རྒྱུར། མི་སྐོར་ཞིག་གིས་བྱང་ཕྱོགས་ཀྱི་ཨ་ཀྲ་མུའུ་ཅཱ་ཨར་ས་ཁུལ་གྱི་ཡཱ་ཏང་པུའུ་ཨར་སྡེ་བའི་ཚོང་ཁང་ཞིག་ནས་རིན་གོང་བདེ་བའི་སྤུས་ཞན་ཆང་རག་ཉོས་ནས་འཐུང་བས། ལུས་ཕུང་མི་བདེ་བའི་ཚོར་བ་བྱུང་བ་དང་། དེའི་རྗེས་སུ་ས་དེའི་སྨན་ཁང་དུ་བསྐྱལ་བ་རེད། གནོད་ཐེབས་མཁན་མང་ཆེ་བ་ནི་དབུལ་ཕོངས་ཀྱི་ངལ་རྩོལ་པ་ཡིན་ལ། མི་རེ་འགར་ཆང་དུག་ཕོག་པའི་དབང་གིས་མིག་གིས་མི་མཐོང་བའི་གནས་ཚུལ་བྱུང་ཡོད།

ཉེན་རྟོག་ཕྱོགས་ཀྱིས་སྤུས་ཞན་ཆང་རག་འཚོང་མཁན་གྱི་ཚོང་བདག་འཛིན་བཟུང་བྱས་ཡོད་པ་དང་། ཚོང་བདག་དེའི་བུ་ཡང་ཆང་དུག་ཕོག་ནས་རྐྱེན་ལམ་དུ་ཤོར་བ་རེད་ཟེར།

བྱང་ཕྱོགས་ས་ཁུལ་གྱི་དབུ་བཞུགས་པུའུ་ཀྲང་ཡཱ་ཏཱ་ཧྥུའུ་ཡིས་དོན་རྐྱེན་དེར་རྟོག་ཞིབ་བྱས་ཏེ་ས་གནས་དཔོན་པོ་འགའི་གོ་གནས་ལེན་རྒྱུའི་ཐག་བཅད་ཡོད།

རྒྱ་གར་གྱི་ཞིང་སྡེ་རུ་རིན་གོང་བདེ་བའི་སྤུས་ཞན་ཆང་རག་མང་བོ་འཚོང་རྒྱུ་ཡོད་ལ། ཕན་ནུས་ལྡན་པའི་ལྟ་རྟོག་དོ་དམ་མེད་པའི་དབང་གིས་སྤུས་ཞན་ཆང་རག་དང་ཆང་རྫུན་མ་འཐུང་ནས་ཚེ་སྲོག་ཤོར་བའི་དོན་རྐྱེན་དུས་ངེས་མེད་དུ་འབྱུང་བཞིན་ཡོད། ཉིས་སྟོང་བཅུ་གཅིག་ལོའི་ཟླ་བཅུ་གཉིས་པར། བྷང་ག་ལཱ་ནུབ་མ་ས་ཁུལ་དུ་བྱུང་བའི་ཆང་རྫུན་མའི་དོན་རྐྱེན་ལས་མི་བརྒྱ་དང་དྲུག་ཅུ་རྐྱེན་ལམ་དུ་ཤོར་བ་རེད།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག