མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕུའུ་ཐའོ་ཡཱ་སྲིད་གཞུང་གི་ནོར་སྲིད་འགྲོ་སོང་ཇེ་ཉུང་དུ་གཏོང་བའི་སྲིད་ཇུས་ལས་ངོ་རྒོལ་བྱེད་པའི་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་རྒྱ་ཆེན་པོ་བྱུང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-20 10:16

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕུའུ་ཐའོ་ཡཱའི་མང་ཚོགས་ཀྱིས་ཚེས19ཉིན་ཕུའུ་ཐའོ་ཡཱའི་རྒྱལ་ས་ལི་སི་པིན་དང་གྲོང་ཁྱེར་ཆེན་པོ་གཉིས་པ་པའོ་ཨར་ཐུའུ་ནས་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་སྤེལ་ཏེ། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་དང་། ཡོ་རོབ་གླིང་ཀྲུང་དབྱང་དངུལ་ཁང་། དེ་མིན་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པ་བཅས་ཀྱིས་གྲུབ་པའི་ཤིང་རྟ་གསུམ་ལྡན་རྩ་འཛུགས་དང་ཕུའུ་ཐའོ་ཡཱ་སྲིད་གཞུང་གིས་ལག་བསྟར་བྱས་པའི་དཔལ་འབྱོར་འགྲོ་སོང་ཇེ་ཉུང་དུ་གཏོང་བའི་སྲིད་ཇུས་ལ་ངོ་རྒོལ་བྱས།

ཐེངས་འདིའི་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་དེ་ཕུའུ་ཐའོ་ཡཱའི་ངལ་རྩོལ་པའི་སྤྱིའི་བཟོ་ཚོགས་ཀྱིས་རྩ་འཛུགས་བྱས་པ་ཡིན་ཞིང་། རྒྱལ་ས་ལི་སི་པིན་ནས། ངོ་རྒོལ་མཁན་ཁྲི་ཕྲག་ལྷག་ཉིན་དེའི་ཕྱི་དྲོར་བཞི་གཉིས་ལྔ་ཟམ་ཆེན་བྱང་འགྲམ་གྱི་ཨར་ཁན་ཐཱ་ལཱ་ཐང་ཆེན་དུ་འཛོམས་པ་དང་། རྔམ་སྟོན་མཁན་གྱིས་ཆར་ཆེན་ལ་མ་འཛེམ་པར་འཕྲེད་བྱང་བཟུང་ཞིང་ཁ་དབྱངས་མཐོན་པོར་བསྒྲགས། རྔམ་སྟོན་བྱ་འགུལ་གྱི་རྩ་འཛུགས་མཁན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ལི་སི་པིན་གྲོང་ཁྱེར་སྡོད་དམངས་ལས་གཞན་རྔམ་སྟོན་མཁན་དྲུད་པའི་འགྲུལ་སྐྱེལ་རླངས་འཁོར་བཅུ་ཕྲག་འགའ་ཕུའུ་ཐའོ་ཡཱ་དབུས་ཕྱོགས་དང་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ནས་བཞི་གཉིས་ལྔ་ཟམ་ཆེན་བྱང་ངོས་ཀྱི་འདུ་ཚོགས་བྱེད་སར་འབྱོར་བ་དང་། ཕུའུ་ཐའོ་ཡཱའི་བཟོ་ཚོགས་རེ་འགའི་མགོ་ཁྲིད་པ་དང་གྲོས་ཁང་གི་གྲོས་མི་ཡང་ཐེངས་འདིའི་བྱ་འགུལ་ལ་ཞུགས།

ཕུའུ་ཐའོ་ཡཱ་བྱང་ཕྱོགས་ཀྱི་པའོ་ཨར་ཐུའུ་གྲོང་ཁྱེར་ནས། ངོ་རྒོལ་མཁན་ཁྲི་གཉིས་ཙམ་ཏུའུ་ལོ་གཙང་བོའི་རྒྱལ་སྲས་ཟམ་ཆེན་བརྒྱུད་དེ་ཤིང་རྟ་གསུམ་ལྡན་རྩ་འཛུགས་དང་ཕུའུ་ཐའོ་ཡཱ་སྲིད་གཞུང་གིས་ལག་བསྟར་བྱས་པའི་དཔལ་འབྱོར་འགྲོ་སོང་ཇེ་ཉུང་དུ་གཏོང་བའི་སྲིད་ཇུས་ལ་ངོ་རྒོལ་བྱས། མིང་ལ་ཨ་ཨར་ཝ་ལོས་སི་ཟེར་བའི་འཕྲུལ་ཆས་ལག་རྩལ་པ་ཞིག་གིས་གསར་འགོད་པར་བཤད་རྒྱུར། ད་ལྟའི་སྲིད་གཞུང་གིས་ཤིང་རྟ་གསུམ་ལྡན་རྩ་འཛུགས་ཀྱིས་བསྒྲུབ་ཏུ་བཅུག་པའི་དོན་ཁོ་ནར་འབད་པ་ལས་མི་དམངས་ཀྱི་ཁེ་ཕན་ལ་བསམ་བློ་གཏན་ནས་མི་གཏོང་། སྲིད་གཞུང་གིས་ཁྲལ་དངུལ་ཇེ་མང་དུ་གཏོང་བ་དང་། ཟླ་ཕོགས་དང་ཁ་གསབ་མ་དངུལ་ཇེ་ཉུང་དུ་བཏང་ཡོད་ལ། མི་དམངས་ཀྱི་འཚོ་བ་སྔར་ལས་ཇེ་སྡུག་རེད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག