མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ནོའུ་པེར་བྱ་དགའ་ཐོབ་མཁན་བཅུ་གཅིག་གིས་ཕུའུ་ཅིན་གྱིས་ལྷད་མེད་ཞི་བདེ་རྩ་འཛུགས་ཀྱི་ཁོངས་མི་ཕྱིར་གཏོང་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-19 10:54

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལྷད་མེད་ཞི་བདེ་རྩ་འཛུགས་ཀྱིས་ཚེས17ཉིན་ནོའུ་པེར་བྱ་དགའ་ཐོབ་མཁན་བཅུ་གཅིག་གིས་མཉམ་དུ་མིང་བཀོད་པའི་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་བསྐུར་བའི་འཕྲིན་ཡིག་ཁྱབ་སྒྲོག་བྱས་ཏེ། ཁོས་བཀའ་རྒྱ་བཏང་སྟེ་ལྷད་མེད་ཞི་བདེ་རྩ་འཛུགས་ཀྱི་ཁོངས་མི་སུམ་ཅུའི་མཚོ་ཇག་བྱ་སྤྱོད་ཀྱི་སྐྱོན་འཛུགས་མེད་པར་བཏང་ནས་ཁོ་ཚོ་མྱུར་དུ་ཕྱིར་གཏོང་དགོས་པའི་རེ་བ་བཏོན། ཡིན་ན་ཡང་རེ་བ་དེ་ཁི་ལི་མུའུ་ལིན་ཕོ་བྲང་གིས་བསྐུར་ཡུལ་ནོར་བར་ཁ་གཡར་ནས་དང་ལེན་མ་བྱས། ཨུ་རུ་སིའི་ཆེད་མཁས་པས་བལྟས་ན་ནོའུ་པེར་བྱ་དགའ་ཐོབ་མཁན་གྱི་བྱ་སྤྱོད་དེ་ལུགས་མཐུན་ཞིག་མིན་པར་འདོད་ཀྱང་། ལྷད་མེད་ཞི་བདེ་རྩ་འཛུགས་ཀྱིས་ཚེས་བཅོ་བརྒྱད་ཉིན་རྒྱལ་ཁབ་སོ་གཅིག་གི་གྲོང་ཁྱེར་མང་བོ་ནས་ཁོངས་མི་དེ་དག་ལ་རྒྱབ་སྐྱོར་བྱེད་པའི་ངོ་རྒོལ་བྱ་འགུལ་སྤེལ།

ནོའུ་པེར་བྱ་དགའ་ཐོབ་མཁན་བཅུ་གཅིག་གིས་བསྐུར་བའི་འཕྲིན་ཡིག་ལས། ལྷད་མེད་ཞི་བདེ་རྩ་འཛུགས་ཀྱི་ཁོངས་མིར་མཚོན་ཆ་མེད་པ་དང་། ཁོ་ཚོས་ཨུ་རུ་སིའི་རང་བྱུང་སོལ་རླངས་བཟོ་ལས་ཀུང་ཟིས་གླིང་སྣེ་བྱང་མའི་གཏེར་འདོན་ས་ཁུལ་ནས་སྤེལ་བ་ནི་ཞི་བའི་ངོ་རྒོལ་བྱ་འགུལ་ཡིན། གཞན་ཡང་གླིང་སྣེ་བྱང་མ་ས་ཁུལ་ནས་གཏེར་འདོན་བྱ་བ་གཉེར་ན་འཛམ་གླིང་ཡོངས་ཀྱི་ནམ་ཟླའི་འགྱུར་ལྡོག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པ་དང་། མི་ཚང་མར་འཇིགས་ཉེན་བཟོ་སྲིད་ཟེར། འཕྲིན་ཡིག་སྟེང་མིང་བཀོད་པའི་ནོའུ་པེར་བྱ་དགའ་ཐོབ་མཁན་ལ་ཨ་ཧྥེ་རི་ཁ་ལྷོ་མའི་ཆོས་བདག་ཐུའུ་ཐུའུ་དང་། ཏུང་ཏིས་ཝུན་གྱི་སྔོན་ཆད་ཀྱི་ཙུང་ཐུང་ཨོར་ཐཱ། ཁོ་སི་ཐཱ་རེ་ཁཱའི་སྔོན་ཆད་ཀྱི་ཙུང་ཐུང་ཨ་ལི་ཡཱ་སི་སོགས་སྐད་གྲགས་ཆེ་བའི་མི་སྣ་འདུས་ཡོད།

འཕྲིན་ཡིག་ལས་གླེང་བའི་དོན་དེ་ཆབ་རོམ་གཏོར་བའི་གྲུ་གཟིངས་ཤིག་ཨུ་རུ་སིའི་མཚོ་དམག་གིས་བཀག་ཉར་བྱས་པར་འབྲེལ་བ་ཡོད། ཟླ་དགུ་བའི་ཚེས་བཅུ་དགུའི་ཉིན། ལྷད་མེད་ཞི་བདེ་རྩ་འཛུགས་ཀྱི་ཨུ་རུ་སིའི་གླིང་སྣེ་བྱང་མའི་གཏེར་འདོན་ལ་ངོ་རྒོལ་བྱེད་པའི་ཆབ་རོམ་གཏོར་བའི་གྲུ་གཟིངས་ཤིག་ཨུ་རུ་སིའི་མཐའ་སྲུང་མཚོ་དམག་གིས་མཚོ་ཇག་བྱ་སྤྱོད་ལྡན་པར་ཁ་གཡར་ནས་བཀག་ཉར་བྱས་པ་དང་། ཁོངས་མི་སུམ་ཅུ་ལ་ཆེས་མང་ན་ལོ་ངོ་བཅོ་ལྔའི་བཀག་འཇུག་ཆད་པ་གཅོད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག