མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

པའོ་ཚི་ཝ་ནཱའི་ཙུང་ཐུང་གིས་འཛམ་གླིང་ཡོངས་ཀྱིས་ཕན་ནུས་ལྡན་པའི་འགུལ་སྐྱོད་སྤེལ་ཏེ་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-18 11:34

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པའོ་ཚི་ཝ་ནཱའི་ཙུང་ཐུང་ཁཱ་མཱ་ཡིས་ཚེས17ཉིན་ཧཱ་པའོ་ལོ་ནེ་ནས་བཤད་རྒྱུར། འཛམ་གླིང་ཡོངས་ཀྱི་ལྐོག་རྔོན་དང་ཁྲིམས་འགལ་གྱིས་རི་སྐྱེས་སྲོག་ཆགས་དང་དེའི་ཐོན་རྫས་ཉོ་ཚོང་བྱེད་པའི་སྣང་ཚུལ་ཉིན་རེ་བཞིན་ཁ་དར་བའི་སྐབས་འདིར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ཕན་ནུས་ལྡན་པའི་འགུལ་སྐྱོད་སྤེལ་ནས་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་དགོས་ཟེར།

ཁཱ་མཱ་ཡིས་ཨ་ཧྥེ་རི་ཁ་གླིང་གི་ཁོར་ཡུག་པུའུ་ཀྲང་རིམ་པའི་དམིགས་བསལ་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་སྐབས་སུ་བསྟན་དོན། མིག་སྔར་འཛམ་གླིང་ཡོངས་སུ་ཁྲིམས་འགལ་གྱིས་རི་སྐྱེས་སྲོག་ཆགས་དང་དེའི་ཐོན་རྫས་ཉོ་ཚོང་བྱེད་པའི་སྣང་ཚུལ་དེ་ཉིན་རེ་ལས་ཉིན་རེར་ཚབས་ཆེན་དུ་འགྱུར་བཞིན་ཡོད་པ་དང་། སྣང་ཚུལ་དེས་ལོ་མང་བོའི་རིང་གི་སྲུང་སྐྱོབ་གྲུབ་འབྲས་ལ་འཇིགས་ཉེན་ཐེབས་བཞིན་ཡོད་ཟེར། ཁོས་བཤད་རྒྱུར། ཨ་ཧྥེ་རི་ཁ་གླིང་ལ་འཛམ་གླིང་ཡོངས་ཀྱིས་རོགས་རམ་བྱས་ཏེ་རི་སྐྱེས་སྲོག་ཆགས་ཁྲིམས་འགལ་གྱིས་ཉོ་ཚོང་བྱེད་པའི་གནད་དོན་ཐག་གཅོད་བྱེད་དགོས། རྒྱུ་མཚན་ནི་རི་སྐྱེས་སྲོག་ཆགས་ཀྱི་ཐོན་རྫས་ཀྱི་དགོས་མཁོའི་དབང་གིས་ཨ་ཧྥེ་རི་ཁ་གླིང་སྐམ་ས་ཆེན་མོ་ནས་ལྐོག་རྔོན་དོན་རྐྱེན་མང་དུ་བྱུང་ནས་འབྲེལ་ཡོད་རི་སྐྱེས་སྲོག་ཆགས་ཀྱི་འཚོ་སྡོད་ལ་འཇིགས་ཉེན་ཐེབས་ཀྱིན་ཡོད་པས་ཡིན་ཟེར།

ཁཱ་མཱ་ཡིས་ད་རུང་བཤད་རྒྱུར། ད་ལོའི་ཟླ་བཅུ་གཉིས་པར། པའོ་ཚི་ཝ་ནཱ་སྲིད་གཞུང་གིས་འཛམ་གླིང་རང་བྱུང་སྲུང་སྐྱོབ་མནའ་འབྲེལ་དང་མཉམ་དུ་ཧཱ་པའོ་ལོ་ནེ་ནས་ཨ་ཧྥེ་རི་ཁའི་གླང་ཆེན་ལ་སྲུང་སྐྱོབ་བྱེད་པའི་མཐོ་རིམ་གྲོས་ཚོགས་ཤིག་བསྡུས་ཏེ། འཛམ་གླིང་ཡོངས་ཀྱིས་བྱེད་ཐབས་སྤྱད་དེ་ཁྲིམས་འགལ་གྱིས་གླང་ཆེན་མཆེ་བ་ཉོ་ཚོང་བྱེད་པར་འགག་འགོག་བྱེད་པ་དང་། ཨ་ཧྥེ་རི་ཁ་གླིང་གི་གླང་ཆེན་གྱི་འཚོ་སྡོད་ལ་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་གཏོང་རྒྱུ་ཡིན་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག