མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་ཕྱོགས་སོ་སོས་ཐོག་དང་པོར་ཐུན་མོང་གསལ་སྒྲོག་ལ་གྲོས་མཐུན་བཀོད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-17 11:09

1.jpg 

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ10བའི་ཚེས16ཉིན། སུའེ་ཙེར་གྱི་རི་ནེ་ཝ་ནས། ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཨ་ཧྲི་ཏོན་གྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་མཇུག་སྒྲིལ་རྗེས་གསར་འགོད་པའི་སྣེ་ལེན་ཚོགས་འདུར་ཞུགས། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་རྒྱལ་ཁབ་དྲུག་དང་དབྱི་ལིང་གིས་སུའེ་ཙེར་གྱི་རི་ནེ་ཝ་ནས་བསྡུས་པའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མོལ་སྤྱི་ཟླ10བའི་ཚེས16ཉིན་མཇུག་སྒྲིལ་བ་དང་། ཕྱོགས་སོ་སོས་ཐོག་དང་པོར་ཐུན་མོང་གསལ་སྒྲོག་ལ་གྲོས་མཐུན་བཀོད་པར་མ་ཟད། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་རྒྱལ་ཁབ་དྲུག་དང་དབྱི་ལིང་གིས་སྤྱི་ཟླ11པའི་ཚེས7ནས་ཚེས8ཉིན་བར་རི་ནེ་ཝ་ནས་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ་རྒྱུ་ཁྱབ་སྒྲོག་བྱས།

    དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མོལ་ཚེས་བཅུ་དྲུག་ཉིན་མཇུག་སྒྲིལ་བ་དང་། ཕྱོགས་སོ་སོས་ཐོག་དང་པོར་ཐུན་མོང་གསལ་སྒྲོག་ལ་གྲོས་མཐུན་བཀོད་པར་མ་ཟད། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་རྒྱལ་ཁབ་དྲུག་དང་དབྱི་ལིང་གིས་ཟླ་བཅུ་གཅིག་པའི་ཚེས་བདུན་ནས་ཚེས་བརྒྱད་ཉིན་བར་རི་ནེ་ཝ་ནས་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ་རྒྱུ་ཁྱབ་སྒྲོག་བྱས།

    ཐེངས་འདིའི་གྲོས་མོལ་ལ་སྣེ་ཁྲིད་བྱེད་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཨ་ཧྲི་ཏོན་གྱིས་ཉིན་དེར་གྲོས་མོལ་མཇུག་སྒྲིལ་རྗེས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཐེངས་འདིའི་ཚོགས་ཡུན་ཉིན་གཉིས་ཡིན་པའི་གྲོས་མོལ་ལ་གལ་འགངས་ཆེན་པོ་ལྡན་པ་དང་། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐད་ཀྱི་ད་ལོའི་བར་ཆེས་ཞིབ་རྒྱས་ཀྱི་གྲོས་བསྡུར་ཞིག་ཡིན་ལ། ཐེངས་མང་བོར་གྲོས་མོལ་བྱས་རྗེས་ཕྱོགས་སོ་སོས་ཐུན་མོང་གི་གསལ་སྒྲོག་ལ་གྲོས་མཐུན་བཀོད་པ་ནི་སྔ་ན་མེད་པའི་སྣང་ཚུལ་བཟང་བོ་ཞིག་རེད་ཟེར།

    ཐུན་མོང་གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་སོ་སོས་ཉིན་གཉིས་ལ་གྲོས་མོལ་གང་ལེགས་བྱས་པ་དང་། གྲོས་མོལ་བྱེད་སྐབས་དབྱི་ལིང་གི་གྲོས་མོལ་འཐུས་མི། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་ཡིས་དབྱི་ལིང་ཕྱོགས་ཀྱི་གྲོས་གཞི་རྒྱས་བཤད་བྱས་པ་དང་། གྲོས་མོལ་ཕྱོགས་ཁག་སོ་སོས་བྱེ་བྲག་གི་གནད་དོན་ཐད་ནས་མཉམ་དུ་གྲོས་མོལ་བྱས། གསལ་སྒྲོག་ལས་ད་རུང་བཤད་རྒྱུར། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་རྒྱལ་ཁབ་དྲུག་དང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་ཆེད་མཁས་པ། ཚན་རིག་པ། བཀག་སྡོམ་བཅས་ཐད་ཀྱི་ཆེད་མཁས་པས་སྐོར་ཐེངས་རྗེས་མའི་གྲོས་མོལ་མ་བྱས་གོང་གྲོས་ཚོགས་བསྡུས་ཏེ་འགལ་བ་ཐག་གཅོད་བྱེད་རྒྱུ་མ་ཟད་དོན་དངོས་ཀྱི་གྲོས་རིམ་ལ་ཞིབ་འཇུག་བྱེད་རྒྱུ་རེད་ཟེར།

    ཨ་ཧྲི་ཏོན་གྱིས་བསྟན་དོན། ཕྱོགས་སོ་སོའི་བར་ལྟ་ཚུལ་གཅིག་གྱུར་བྱུང་བ་དང་། དེང་སྐབས་འབྲེལ་ཡོད་གྲོས་མོལ་དང་སྤེལ་བཞིན་པའི་བྱ་བའི་གནས་ཚུལ་ཞིབ་རྒྱས་ཡོངས་བསྒྲག་བྱེད་རྒྱུ་མིན་ཟེར། ཁོ་མོས་བཤད་རྒྱུར། ང་ཚོས་ནམ་རྒྱུན་བསམ་འཆར་བཏོན་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་འཆར་གཞི་དེ་ཞི་བདེའི་དམིགས་ཡུལ་ཁོ་ནའི་ཆེད་དུ་ཡིན་པའི་ཡིད་ཆེས་འཛུགས་པར་རོགས་རམ་བྱེད་ཅི་ཐུབ་བྱེད་བཞིན་ཡོད་ལ། ང་ཚོ་བྱེ་བྲག་གི་བྱ་བའི་ཁྲོད་ཞུགས་བཞིན་ཡོད་པ་དང་། ང་ཚོས་མུ་མཐུད་དུ་གནད་དོན་དེ་ཐག་གཅོད་བྱེད་པའི་བྱེད་ཐབས་འཚོལ་ཞིབ་བྱེད་རྒྱུ་ཡིན་ཟེར།

    དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཕྱོགས་སོ་སོས་ཕན་ཚུན་ལྡན་པའི་གྲོས་མོལ་ཞིབ་མོ་བྱས་པ་དང་། དེ་དབྱི་ལིང་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འབྲེལ་བའི་དུས་རིམ་གསར་བ་ཞིག་ཏུ་གྱུར་ཏེ། དགོས་མེད་ཀྱི་ཉམས་ཉེན་མཇུག་སྒྲིལ་བ་དང་རྣམ་པ་གསར་བ་གསར་གཏོད་བྱེད་པར་རེ་བ་ཆེན་པོ་ཡོད་ཟེར།

    ཀྲ་ལི་ཧྥུའུ་ཡིས་ཐེངས་འདིའི་གྲོས་མོལ་གྱི་ནང་དོན་ཞིབ་མོ་བཤད་མེད། ཁོས་བཤད་རྒྱུར། གནད་དོན་གྱི་གཟབ་ནན་རང་བཞིན་དང་གནས་ཚུལ་ཞིབ་རྒྱས་ཀྱི་གལ་ཆེན་རང་བཞིན་དབང་གིས་ང་ཚོས་ངེས་པར་དུ་སེམས་ཆུང་བྱས་ཏེ། གྲུབ་འབྲས་ལ་ཡར་སྐུལ་བྱེད་པར་འགན་སྲུང་བྱེད་དགོས་ཟེར།

    དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ལ་ཉེ་སྔོན་སྣང་ཚུལ་བཟང་བོ་བྱུང་སྟེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱས། དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྟེང་གཏམ་བཤད་སྤེལ་སྐབས། དབྱི་ལིང་གིས་རྒྱལ་ཁབ་གཞན་པའི་བར་འབྲེལ་འདྲིས་བཟང་བོ་བྱེད་འདོད་ཡོད་པའི་ཚུལ་བསྟན་པར་མ་ཟད། དབྱི་ལིང་གི་ཉིང་རྡུལ་ནུས་པའི་འཆར་གཞི་དེ་ཞི་བདེའི་དམིགས་ཡུལ་ཁོ་ནའི་ཆེད་དུ་ཡིན་པ་བསྐྱར་སྒྲོག་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག