མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་ཉེར་བརྒྱད་ཀྱི་ནོར་སྲིད་བློན་ཆེན་དག་མཉམ་དུ་འཛོམས་ཏེ་དངུལ་ཁང་གི་ལྟ་རྟོག་དོ་དམ་ནང་རྐྱེན་འཛུགས་པའི་གྲོས་གཞི་ལ་གྲོས་མཐུན་བཀོད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-16 15:56

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་ཉེར་བརྒྱད་ཀྱི་ནོར་སྲིད་བློན་ཆེན་དག་སྤྱི་ཟླ10བའི་ཚེས15ཉིན་ཡོ་རོབ་གླིང་ལུའུ་སིན་པའོ་རྒྱལ་ཁབ་ཏུ་འཛོམས་ཏེ། དངུལ་ཁང་ལས་རིགས་ཕྱོགས་གཅིག་གི་ལྟ་རྟོག་དོ་དམ་ནང་རྐྱེན་འཛུགས་པའི་གྲོས་གཞི་ལ་གཅིག་གྱུར་འཐད་པ་བྱུང་། གྲོས་གཞི་དེར་གྲོས་འཆམ་བྱུང་བ་ལས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཉེར་བརྒྱད་ཀྱིས་རང་གི་དངུལ་ལོར་མ་ལག་བརྟན་འཇགས་ཡོང་བར་བྱེད་པའི་ཐད་ནས་གྲུབ་འབྲས་གལ་ཆེན་བླངས་པ་མཚོན་ཡོད།

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ལོ་ཙོ་ཡིས་འཕྲིན་བཟང་དེ་ཐོས་རྗེས་བཤད་རྒྱུར། དེ་ནི་དངུལ་ཁང་ལས་རིགས་མནའ་འབྲེལ་མངོན་འགྱུར་བྱེད་པའི་གོམ་རིམ་དང་པོ་ཡིན་པ་དང་། ད་ལྟ་ཆེས་དགོས་གལ་ཆེ་བ་ནི་གོམ་རིམ་གཉིས་པ་སྟེ་དངུལ་ཁང་ལས་རིགས་ཕྱོགས་གཅིག་གི་ཐག་གཅོད་ནང་རྐྱེན་འཛུགས་པར་ཡར་སྐུལ་བྱེད་དགོས་ཤིང་། དངུལ་ཁང་ལས་རིགས་ཀྱི་ཕྱོགས་གཅིག་གི་ཐག་གཅོད་ནང་རྐྱེན་བཙུགས་ན་འདྲ་མཉམ་གྱི་དངུལ་བསྐྱིའི་ཆ་རྐྱེན་སླར་གསོ་བྱེད་པར་ཕན་པ་ཡོད། གོ་སླ་བར་བརྗོད་ན། དངུལ་ཁང་གིས་བཟོས་པའི་ནོར་འཁྲུལ་ལ་ཁྲལ་འཇལ་མཁན་གྱིས་འགན་ཅི་ཡང་ཁུར་མི་དགོས་པར་དངུལ་ཁང་རང་གིས་འགན་ལེན་བྱེད་དགོས་ཟེར།

པཱ་ལོ་ཙོ་ཡིས་བལྟས་ན་ང་ཚོས་སང་ལོའི་ཟླ་ལྔ་བར་ཡོ་རོབ་གླིང་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་མ་སྤེལ་གོང་ཡོ་རོབ་གླིང་མནའ་འབྲེལ་གྱི་མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ཤིག་སྟོན་དགོས་ཟེར།

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ནང་ཁུལ་ཚོང་ར་དང་ཞབས་ཞུའི་འགན་ཁུར་བའི་ཨུ་ཡོན་པཱ་ནེ་ཡེ་ཡིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱི་ནོར་སྲིད་བློན་ཆེན་དག་གིས་དངུལ་ཁང་ལས་རིགས་ཕྱོགས་གཅིག་གི་ལྟ་རྟོག་དོ་དམ་ནང་རྐྱེན་འཛུགས་པའི་གྲོས་གཞིར་གྲོས་མཐུན་བཀོད་པ་ནི་དངུལ་ཁང་ལས་རིགས་མནའ་འབྲེལ་འཛུགས་པའི་རྨང་རྡོ་ལྟ་བུ་ཡིན་ཟེར།

རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ཡོ་རོབ་གླིང་ཀྲུང་དབྱང་དངུལ་ཁང་དང་ཁོངས་གཏོགས་རྒྱལ་ཁབ་ཀྱི་ལྟ་རྟོག་དོ་དམ་ལས་ཁུངས་ཀྱིས་མཉམ་དུ་དངུལ་ཁང་ལས་རིགས་ཕྱོགས་གཅིག་གི་ལྟ་རྟོག་དོ་དམ་ནང་རྐྱེན་འཛུགས་རྒྱུ་ཡིན་པ་དང་། ལྟ་རྟོག་དོ་དམ་བྱ་ཡུལ་ནི་ཡོ་རོབ་གླིང་གི་སྒོར་མོ་བཀོལ་བའི་ས་ཁུལ་དང་རང་འགུལ་གྱིས་ནང་རྐྱེན་དེར་ཞུགས་པའི་ས་ཁུལ་གཞན་པའི་དངུལ་ལོར་ལས་ཁུངས་སོགས་ཡིན། ཡོ་རོབ་གླིང་ཀྲུང་དབྱང་དངུལ་ཁང་གིས་ཚོད་དཔག་བྱས་པ་ལྟར་ན་ནང་རྐྱེན་དེ་ལོ་གཅིག་གི་རྗེས་སུ་ནུས་ལྡན་དུ་འགྱུར་སྲིད་པ་དང་། སྐབས་ཐོག་དེར་ཡོ་རོབ་གླིང་ཀྲུང་དབྱང་དངུལ་ཁང་གིས་ཡོ་རོབ་གླིང་གི་སྒོར་མོ་བཀོལ་བའི་ས་ཁུལ་གྱི་དངུལ་ཁང་ཆེ་གྲས་བརྒྱ་དང་སུམ་ཅུ་ལ་ཐད་ཀར་ལྟ་རྟོག་དོ་དམ་བྱེད་པའི་དབང་ཆ་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག