ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨར་པཱ་ནི་ཡཱ་རུ་འཚམས་འདྲི་བྱེད་བཞིན་པའི་ཞི་ལཱ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་ཝེ་ནེ་ཙེ་ལོ་སི་ཡིས་སྤྱི་ཟླ10བའི་ཚེས14ཉིན་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཐེངས་འདིའི་འཚམས་འདྲིའི་དམིགས་ཡུལ་ནི་ཞི་ལཱའི་ཙུང་ཐུང་ཕཱ་ཕུའུ་ལེ་ཡཱ་སི་ཡིས་ཨར་པཱ་ནི་ཡཱ་རྒྱལ་ཁབ་ལ་འཚམས་འདྲི་བྱེད་པར་གྲ་སྒྲིག་བྱེད་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་རྒྱལ་ཁབ་གཉིས་ཀྱི་མཛའ་བཤེས་ཇེ་ཟབ་ཏུ་གཏོང་བའི་ཆེད་དུ་ཡིན་ཟེར།
ཝེ་ནེ་ཙེ་ལོ་སི་ཡིས་ཨར་པཱ་ནི་ཡཱའི་ཕྱི་འབྲེལ་བློན་ཆེན་པུའུ་ཧྲ་ཐིས་དང་མཉམ་དུ་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཞི་ལཱ་དང་ཨར་པཱ་ནི་ཡཱ་རྒྱལ་ཁབ་གཉིས་ཀྱིས་ས་ཁུལ་རང་གི་བརྟན་འཇགས་ཀྱི་དོན་སྙིང་གསལ་བོར་ཤེས་ཡོད་པ་དང་། ཕྱོགས་གཉིས་དང་ཕྱོགས་མང་བོའི་གནད་དོན་ཐད་ནས་མཉམ་འབྲེལ་སྒྲོམ་གཞིའི་གྲོས་མཐུན་གཏན་འབེབས་བྱས་ཏེ་འཆར་གཞི་ལྟར་ལག་བསྟར་བྱེད་བཞིན་ཡོད་ཟེར།
ཨར་པཱ་ནི་ཡཱའི་ཙུང་ལིའི་བཞུགས་ཤག་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། ཝེ་ནེ་ཙེ་ལོ་སི་ཡིས་ཉིན་དེར་ཨར་པཱ་ནི་ཡཱའི་ཙུང་ལི་ལཱ་མཱ་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ལོ་རྒྱུས་ལས་བྱུང་བའི་གནད་དོན་དང་ད་ཡོད་ཀྱི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས། གྲོས་མོལ་བྱེད་སྐབས། ཝེ་ནེ་ཙེ་ལོ་སི་ཡིས་བསྟན་དོན། ཞི་ལཱ་རྒྱལ་ཁབ་ཀྱིས་ཨར་པཱ་ནི་ཡཱའི་བར་གྱི་མཉམ་ལས་འབྲེལ་བ་དེ་ཆུ་ཚད་གསར་བ་ཞིག་ཏུ་མཐོར་འདེགས་གཏོང་འདོད་ཡོད་ཟེར།
ལཱ་མཱ་ཡིས་གྲོས་མོལ་བྱེད་སྐབས་བསྟན་དོན། ཨར་པཱ་ནི་ཡཱ་རྒྱལ་ཁབ་ཀྱིས་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་ས་ཁོངས་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་ཟེར། ཁོས་ཞི་ལཱའི་སྲིད་གཞུང་གིས་ནམ་རྒྱུན་ཨར་པཱ་ནི་ཡཱ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། ཞི་ལཱ་རྒྱལ་ཁབ་ཀྱིས་ཉིས་སྟོང་བཅུ་བཞི་ལོའི་ལོ་སྟོད་ལ་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བའི་སྐབས་སུ་ཨར་པཱ་ནི་ཡཱ་ལ་སྔར་ལས་རྒྱབ་སྐྱོར་བྱེད་དགོས་པའི་རེ་བ་བཏོན། །