མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་སྐོར་ཐེངས་གསར་བའི་གྲོས་མོལ་གྱི་ཉིན་དང་པོའི་གྲོས་མོལ་མཇུག་སྒྲིལ་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-16 15:55

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རི་ནེ་ཝ་རུ་བསྡུ་བཞིན་པའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་སྐོར་ཐེངས་གསར་བའི་གྲོས་མོལ་གྱིས་སྤྱི་ཟླ10བའི་ཚེས15ཉིན་ཉིན་དང་པོའི་གྲོས་མོལ་མཇུག་སྒྲིལ་བ་དང་། གྲོས་མོལ་དེ་སྤྱི་ཟླ10བའི་ཚེས16ཉིན་མུ་མཐུད་དུ་སྤེལ་རྒྱུ་རེད།

རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། དབྱི་ལིང་གི་གྲོས་མོལ་འཐུས་མི། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་ཡིས་ཉིན་དེའི་སྔ་དྲོར་དབྱི་ལིང་གི་ཇུས་གཞི་རྒྱས་བཤད་བྱས་པ་དང་། དེའི་རྗེས་སུ་ཕྱོགས་སོ་སོས་དབྱི་ལིང་གི་ཇུས་གཞིའི་ནང་དོན་ཞིབ་རྒྱས་ལ་ཞིབ་འཇུག་བྱས།

ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཨ་ཧྲི་ཏོན་གྱི་མགྲིན་ཚབ་པ་མན་ཨིན་གྱིས་གྲོས་མོལ་བྱས་རྗེས་ཁྱབ་སྒྲོག་བྱས་པའི་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། གྲོས་མོལ་ལ་ཞུགས་པའི་ཕྱོགས་ཁག་སོ་སོས་ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོར་མུ་མཐུད་དུ་ཧ་ཅང་ཞིབ་རྒྱས་ཡིན་པའི་ལག་རྩལ་གྲོས་བསྡུར་བྱས་པ་དང་། དེ་ནི་སྔོན་གྱི་གྲོས་མོལ་ནས་མཐོང་དཀོན་པའི་སྣང་ཚུལ་ཞིག་རེད་ཟེར། ཨ་ཧྲི་ཏོན་གྱིས་ཉིན་དེའི་དགོང་མོར་ཀྲ་ལི་ཧྥུའུ་ལ་ཐུག་འཕྲད་བྱེད་རྒྱུ་རེད།

ཉིན་དེའི་སྔ་དྲོར། ཨ་ཧྲི་ཏོན་གྱིས་ཨ་མེ་རི་ཁ་དང་དབྱིན་ཇི། ཧྥ་རན་སི། ཨུ་རུ་སི། ཀྲུང་གོ། འཇར་མན་བཅས་རྒྱལ་ཁབ་དྲུག་གི་འཐུས་མིའི་སྣེ་ཁྲིད་ཅིང་། དབྱི་ལིང་གི་གྲོས་མོལ་འཐུས་མི་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རི་ནེ་ཝའི་དོན་གཅོད་ཁང་གི་བན་གོ་ཕོ་བྲང་དུ་འཛོམས་ཏེ། དུས་ཡུན་ཉིན་གཉིས་ཀྱི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མོལ་སྤེལ་མགོ་བརྩམས། ཉིན་དེའི་སྔ་དྲོར་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་མན་ཨིན་གྱིས་བཤད་རྒྱུར། ཨ་ཧྲི་ཏོན་གྱིས་སྐོར་ཐེངས་གསར་བའི་གྲོས་མོལ་ལ་ཡིད་ཆེས་དང་སྤྲོ་བའི་རྣམ་འགྱུར་བཅངས་ཡོད་པ་དང་། དབྱི་ལིང་གིས་བྱེ་བྲག་གི་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་གཞི་བཏོན་ནས་གྲོས་མོལ་འཕེལ་རིམ་ལ་ཡར་སྐུལ་བྱེད་དགོས་པའི་རེ་བ་བཏོན་པར་མ་ཟད། དབྱི་ལིང་གིས་ཉེ་སྔོན་རྣམ་འགྱུར་བཟང་བོ་བསྟན་པ་དང་། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ལ་གྲུབ་འབྲས་ངོ་མ་ཐོབ་ཐུབ་མིན་དེ་དབྱི་ལིང་ཕྱོགས་ཀྱིས་བཏོན་པའི་ནང་དོན་དག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རེ་འདུན་བསྐང་ཐུབ་མིན་ལ་རག་ལས་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག