མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མའོ་སི་ཁི་ནས་ཟིང་འཁྲུག་བྱུང་བ་དང་མི་སྟོང་ཙམ་ཟིང་འཁྲུག་ལ་ཞུགས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-14 10:18

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རྒྱལ་ས་མའོ་སི་ཁི་ནས་ཚེས13ཉིན་མི་སྟོང་གཅིག་ཙམ་ཞུགས་པའི་ཟིང་འཁྲུག་དོན་རྐྱེན་ཞིག་བྱུང་བ་དང་། ཉེན་རྟོག་ཕྱོགས་ཀྱིས་སྤྱི་བའི་སྒྲིག་ལམ་ལ་གཏོར་བརླག་བཏང་བའི་ཉེས་མིང་གིས་མི་སུམ་བརྒྱ་དང་བརྒྱད་ཅུ་འཛིན་བཟུང་བྱས། མའོ་སི་ཁི་གྲོང་ཁྱེར་ཡོངས་ཀྱི་དོགས་ཟོན་མཐོར་འདེགས་བྱས་པ་དང་། ཨུ་རུ་སིའི་གནས་སྤོར་སྡོད་དམངས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཕྱི་རྒྱལ་གྱི་མི་རྣམས་མི་མང་ཚོགས་སར་འགྲོ་མི་རུང་བའི་སྐུལ་མ་བཏང་།

དོན་རྐྱེན་དེ་ཉེས་དོན་གྱོད་གཞི་ཞིག་ལས་བྱུང་བ་རེད། སྤྱི་ཟླ10བའི་ཚེས9ཉིན་གྱི་དགོང་མོར། མའོ་སི་ཁིའི་ལྷོ་ཕྱོགས་སྲིད་འཛིན་ཁྱབ་ཁོངས་སུ་གཏོགས་པའི་པུས་ལིག་ལེའོ་བོ་ནས་ལོ་ཉེར་ལྔ་ཡིན་པའི་མའོ་སི་ཁིའི་གྲོང་ཁྱེར་སྡོད་དམངས་ཞེར་པཱ་ཁི་ཧྥུའུ་དང་མི་ཆ་མེད་ཅིག་བར་ཁ་འཛིང་བྱུང་རྗེས་གྲིས་བརྒྱབ་ནས་ཁོ་བསད་པ་དང་། ལག་དམར་བྲོས་བྱོལ་བྱས། ལྟ་རྟོག་བརྙན་རིས་ལས་མངོན་པ་ལྟར་ན་ལག་དམར་ནི་ཨེ་ཤ་ཡཱ་དབུས་མའི་མི་དང་ཡང་ན་ཀའོ་ཅཱ་སོ་ཡི་སྡོད་དམངས་ཡིན་སྲིད། ཚེས13ཉིན་གྱི་ཕྱི་དྲོར། དབང་འཛིན་ལས་ཁུངས་ཀྱི་ནུས་པར་འཁོན་སེམས་འཛིན་པའི་ས་དེའི་སྡོད་དམངས་སྐོར་ཞིག་གིས་ཞེར་པཱ་ཁི་ཧྥུའུ་བསད་སའི་གནས་ནས་འདུ་ཚོགས་བསྡུས་ཏེ། ལག་དམར་འཛིན་བཟུང་བྱེད་དགོས་པའི་རེ་བ་བཏོན། འདུ་ཚོགས་མཇུག་སྒྲིལ་རྗེས་ན་གཞོན་བཞི་བརྒྱ་ལྷག་གིས་ཚོང་ཁང་དག་ལ་གཏོར་བརླག་བྱས་པ་དང་། སྲང་ལམ་བཀག་སྡོམ་བྱས་པར་མ་ཟད་མི་རིགས་རིང་ལུགས་ཀྱི་ཁ་དབྱངས་བསྒྲགས། དེའི་རྗེས་སུ་ལག་དམར་སྦས་སྐོང་བྱས་ཡོད་པར་འདོད་པའི་སྔོ་ཚལ་རྟེན་གཞི་ཞིག་ཏུ་སོང་། ཉེན་རྟོག་ཕྱོགས་ཀྱིས་ཉེན་རྟོག་པ་མང་བོ་དོན་རྐྱེན་བྱུང་སར་མངག་པས། མང་ཚོགས་ཁག་ཅིག་དང་ཉེན་རྟོག་པའི་བར་འཁྲུག་རྩོད་བྱུང་། མིག་སྔར་ཉེན་རྟོག་ཕྱོགས་ཀྱིས་ཉེ་འདབས་ཀྱི་སྲང་ལམ་བཀག་སྡོམ་བྱས་ཏེ་གནས་བབ་ལ་ཕལ་ཆེར་ཚོད་འཛིན་བྱུང་ཡོད། བསྒྲགས་པའི་གནས་ཚུལ་ལྟར་ན། དམིགས་བསལ་ཉེན་རྟོག་པ་ལྔ་ལ་འཁྲུག་རྩོད་ཁྲོད་རྨས་ཕོག་ཡོད་ཟེར།

ཨུ་རུ་སིའི་ནང་སྲིད་བློན་ཆེན་ཁི་ལོ་ཁི་ལེ་ཚེ་ཧྥུའུ་ཡིས་བཀའ་བཞིན་དུ། མའོ་སི་ཁི་གྲོང་ཁྱེར་གྱིས་དོགས་ཟོན་མཐོར་འདེགས་བྱས་ཤིང་། ཉེན་རྟོག་པར་གཟའ་མཇུག་ལ་ངལ་གསོ་བྱེད་དུ་མ་བཅུག་པར་ལས་གནས་གཏན་སྲུང་བྱེད་དུ་བཅུག ཡང་བསྐྱར་ཟིང་འཁྲུག་མི་འབྱུང་བར་སྔོན་འགོག་བྱེད་ཆེད། མའོ་སི་ཁིའི་ཉེན་རྟོག་ཕྱོགས་ཀྱིས་གྲོང་ཁྱེར་ལྟེ་གནས་ཀྱི་མཱ་ནེ་ཧྲི་ཐང་ཆེན་སོགས་དང་མེ་འཁོར་ས་ཚིགས། ས་འོག་ལྕགས་ལམ་ས་ཚིགས་བཅས་སུ་དམག་ཤུགས་ཁ་སྣོན་བྱས་པར་མ་ཟད། སྲང་ལམ་ཚང་མའི་བདེ་འཇགས་བྱེད་ཐབས་ལ་ཤུགས་སྣོན་བྱས་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག