མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བྱང་ཆིངས་རྩ་འཛུགས་ཀྱི་གྲོས་ཁང་ཚོགས་ཆེན་གྱི་ཀྲུའུ་ཞིས་སི་རི་ཡཱའི་ཉམས་ཉེན་ངེས་པར་དུ་མྱུར་མོར་མཇུག་སྒྲིལ་དགོས་པར་བཤད་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-10-12 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྱང་ཆིངས་རྩ་འཛུགས་ཀྱི་གྲོས་ཁང་ཚོགས་ཆེན་གྱི་ཀྲུའུ་ཞི་པཱ་ལེ་ཡིས་སྤྱི་ཟླ10བའི་ཚེས11ཉིན་བཤད་རྒྱུར། སི་རི་ཡཱའི་ཉམས་ཉེན་ངེས་པར་དུ་མྱུར་མོར་མཇུག་སྒྲིལ་དགོས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་སི་རི་ཡཱའི་རྫས་འགྱུར་མཚོན་ཆའི་གནད་དོན་སྐོར་གྱི་གྲོས་ཆོད་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་དག་གིས་དམ་བཅའ་བརྩི་སྲུང་བྱས་ཤིང་། གྲོས་ཆོད་ལག་བསྟར་བྱེད་པར་འགན་སྲུང་བྱས་ཏེ། ཆབ་སྲིད་ལ་བརྟེན་ནས་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པར་གྲུབ་འབྲས་ཐོབ་ཏུ་འཇུག་དགོས་ཟེར།

ཚོགས་ཡུན་ཉིན་བཞི་ཡིན་པའི་བྱང་ཆིངས་རྩ་འཛུགས་ཀྱི་གྲོས་ཁང་ཚོགས་ཆེན་གྱི་ཉིས་སྟོང་བཅུ་གསུམ་ལོའི་ལོ་ཚོགས་ཉིན་དེར་ཁི་ལོ་ཏི་ཡཱའི་ལྷོ་ཕྱོགས་ཀྱི་མཚོ་འགྲམ་གྲོང་ཁྱེར་ཏུའུ་པུའུ་ལོ་ཧྥུའུ་ནེ་ཁི་ནས་ཚོགས་མགོ་བརྩམས། པཱ་ལེ་ཡིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། གྲོས་ཆོད་དེར་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་ཚང་མས་ངེས་པར་དུ་གྲོས་ཆོད་དེ་བརྩི་སྲུང་བྱས་ནས། སི་རི་ཡཱའི་མངའ་ཁོངས་ཀྱི་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བར་འགན་སྲུང་བྱས་ཏེ། རི་ནེ་ཝ་ཡི་དུས་རིམ་གཉིས་པའི་གྲོས་མོལ་སྤེལ་བ་དང་ཆབ་སྲིད་ལ་བརྟེན་ནས་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པའི་ཐད་ནས་གྲུབ་འབྲས་ལོན་པར་བྱེད་དགོས་ཟེར།

ཉིས་སྟོང་བཅུ་གསུམ་ལོའི་ནོ་པེར་ཞི་བདེའི་བྱ་དགའ་དེ་རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་ལ་བསྩལ་བའི་གནད་དོན་ཐད་ནས་པཱ་ལེ་ཡིས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བསྟན་དོན། རྫས་འགྱུར་མཚོན་ཆ་མེད་པར་གཏོང་བར་སྔར་ལས་མཐོང་ཆེན་བྱས་ན་རང་གི་རེ་འདུན་དང་མཐུན་ཞིང་། རྫས་འགྱུར་མཚོན་ཆ་མེད་པར་གཏོང་བའི་རྩ་འཛུགས་ལ་མཚན་སྙན་དེ་འདྲ་ཐོབ་པ་ནི་དེའི་འགན་འཁྲི་ལག་བསྟར་བྱེད་པར་ཕན་པ་འབྱུང་སྲིད་ལ། དེ་ལས་མིའི་རིགས་ལ་ཁེ་ཕན་ཐོབ་སྲིད་ཟེར།

ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོར་བསྡུས་པའི་བྱང་ཆིངས་རྩ་འཛུགས་ཀྱི་གྲོས་ཁང་ཚོགས་ཆེན་མགོ་རྩོམ་པའི་མཛད་སྒོའི་སྟེང་། བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ལཱ་སི་མུའུ་སིན་དང་ཁི་ལོ་ཏི་ཡཱའི་ཙུང་ཐུང་ཡོ་ཞི་པའོ་ཝེ་ཆི་གཉིས་ཀྱིས་སོ་སོར་གཏམ་བཤད་སྤེལ། ལཱ་སི་མུའུ་སིན་གྱིས་བསྟན་དོན། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་མུ་མཐུད་དུ་ཆབ་སྲིད་དང་དཔལ་འབྱོར། བདེ་འཇགས་སོགས་ཁྱབ་ཁོངས་ནས་བྱང་ཆིངས་རྩ་འཛུགས་ཀྱི་ཨ་ཧྥུའུ་ཧན་གྱི་འགུལ་སྐྱོད་ལ་རྒྱབ་སྐྱོར་བྱེད་དགོས་ཟེར། ཁོས་བཤད་རྒྱུར། དཔལ་འབྱོར་གནས་བབ་ཛ་དྲག་ཆེ་ན་ཡང་། བྱང་ཆིངས་རྩ་འཛུགས་ཀྱི་གྲོས་ཁང་ཚོགས་ཆེན་གྱིས་སྔར་བཞིན་བྱང་ཆིངས་རྩ་འཛུགས་ཀྱི་དམག་དོན་འགྲོ་སོང་གི་དགོས་གལ་རང་བཞིན་སྲུང་འཛིན་བྱེད་པར་དོ་སྣང་ཆེན་པོ་བྱེད་དགོས་ཟེར།

བྱང་ཆིངས་རྩ་འཛུགས་ཀྱི་གྲོས་ཁང་ཚོགས་ཆེན་ནི་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་གྲོས་ཁང་བར་གྱི་རྩ་འཛུགས་ཤིག་ཡིན་པ་དང་། ལོ་རེར་གྲོས་ཚོགས་ཐེངས་གཉིས་རེར་སྤེལ་བཞིན་ཡོད། གྲོས་རིམ་ལྟར་ན། ཐེངས་འདིའི་གྲོས་ཚོགས་ནས་གཙོ་བོ་སི་རི་ཡཱའི་ཉམས་ཉེན་དང་། ཨ་ཧྥུའུ་ཧན་གྱི་གནད་དོན། པར་ཀན་ས་ཁུལ་གྱི་མ་འོངས་པ་སོགས་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག