མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥེ་རི་ཁ་དབུས་མའི་འཛུགས་སྐྲུན་ཞི་བདེ་དོན་གཅོད་ཁང་གི་འགན་ནུས་ལ་ཤུགས་སྣོན་བྱེད་རྒྱུ་ཐག་བཅད་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-10-11 10:48

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སྤྱི་ཟླ10བའི་ཚེས10ཉིན་གྲོས་ཆོད་བཀོད་དེ། ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱིས་གང་མགྱོགས་སྒོས་ཆབ་སྲིད་བར་བརྒལ་གྲོས་མཐུན་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥེ་རི་ཁ་དབུས་མའི་འཛུགས་སྐྲུན་ཞི་བདེ་དོན་གཅོད་ཁང་གི་འགན་ནུས་ལ་ཤུགས་སྣོན་བྱེད་རྒྱུ་ཐག་བཅད།

གྲོས་ཆོད་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཨ་ཧྥེ་རི་ཁ་དབུས་མས་མྱུར་དུ་དེའི་སྔོན་བཀོད་པའི་ཆབ་སྲིད་བར་བརྒལ་གྲོས་མཐུན་ལག་བསྟར་བྱས་ཏེ། བར་བརྒལ་དུས་རིམ་མགོ་བརྩམས་ནས་ཟླ་ངོ་བཅོ་བརྒྱད་ཀྱི་ནང་ཨིན་ཅཱ་མེ་ནཱའི་བསྒྲགས་གཏམ་གྱི་རེ་བ་གཞིར་བཟུང་སྟེ། རང་དབང་དང་དྲང་བདེན། མངོན་གསལ་བཅས་ཡིན་པའི་ཙུང་ཐུང་དང་ཁྲིམས་འཛུགས་འདེམ་བསྐོའི་བྱ་འགུལ་སྤེལ་དགོས་པའི་རེ་བ་བཏོན།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ད་རུང་ཨ་ཧྥེ་རི་ཁ་དབུས་མའི་འཛུགས་སྐྲུན་ཞི་བདེ་དོན་གཅོད་ཁང་གི་འགན་ནུས་ལ་ཤུགས་སྣོན་བྱེད་རྒྱུ་ཐག་བཅད། དོན་གཅོད་ཁང་གི་འགན་ནུས་ལ་བར་བརྒལ་འཕེལ་རིམ་དངོས་འབེབས་བྱེད་པར་རོགས་རམ་བྱེད་པ་དང་། འཁྲུག་རྩོད་སྔོན་འགོག་བྱ་བ་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ལ་རྒྱབ་སྐྱོར་བྱེད་པ། གཏན་འཇགས་གནས་བབ་ལ་རོགས་འདེགས་བྱེད་པ། འགྲོ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་པའི་བྱ་བར་ཡར་སྐུལ་བྱེད་པ། རྒྱལ་སྤྱིའི་ཚོགས་པ་སོ་སོའི་བར་མཐུན་སྦྱོར་བྱེད་པ་སོགས་འདུས་ཡོད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ད་རུང་བསྟན་དོན། དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྣ་དང་སྒྲིག་ཆས་ལ་སྲུང་སྐྱོབ་བྱེད་པའི་ཐད་བཏོན་པའི་ས་གནས་དེར་ཉེན་སྲུང་དམག་དཔུང་ཞིག་འཛུགས་པའི་གྲོས་གཞི་ལ་བསམ་བློ་གཏོང་རྒྱུ་ཡིན་ཟེར།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་ནང་སེ་ལོས་ཁཱ་སོགས་དྲག་ཆས་ཕྱོགས་ཁག་གིས་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་དང་འགལ་བའི་འགྲོ་མིའི་ཐོབ་ཐང་ལ་རྡོག་བརྫིས་བྱེད་པའི་བྱ་སྤྱོད་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱོགས་ཁག་སོ་སོ་དང་། ཁྱད་པར་སེ་ལོས་ཁཱ་ཡིས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བདེ་འཇགས་དང་བཀག་རྒྱ་མི་ཐེབས་པར་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག