མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁས་ལི་པུ་ཡཱའི་ཙུང་ལི་བཙན་ཁྲིད་བྱས་པའི་དོན་རྐྱེན་ལ་རྒོལ་གཏམ་བཏང་བ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-10-11 10:47

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཕོ་བྲང་དཀར་པོ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྱི་ཟླ10བའི་ཚེས10ཉིན་སོ་སོར་བསྟན་དོན། ལི་པུ་ཡཱའི་གནས་སྐབས་སྲིད་གཞུང་གི་ཙུང་ལི་ཀྲ་དབྱེ་ཏན་བཙན་ཁྲིད་བྱས་པའི་དོན་རྐྱེན་ལ་རྒོལ་གཏམ་བཏང་བ་དང་། ཀྲ་དབྱེ་ཏན་ཕྱིར་བཏང་བར་དགའ་སྤྲོའི་བསམ་ཚུལ་བསྟན།

ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཁཱ་ནེ་ཡིས་ཉིན་དེའི་རྒྱུན་ལྡན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ལ་ཐེངས་འདིའི་བཙན་ཁྲིད་དོན་རྐྱེན་གྱི་སྙན་ཞུ་འབྱོར་ཡོད་པ་དང་། ཕོ་བྲང་དཀར་པོས་བཙན་ཁྲིད་དོན་རྐྱེན་དེར་རྒོལ་གཏམ་དྲག་པོ་གཏོང་བཞིན་ཡོད་ལ། ཀྲ་དབྱེ་ཏན་ཕྱིར་བཏང་བར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ཟེར། ཁཱ་ནེ་ཡིས་བཤད་རྒྱུར། ལི་པུ་ཡཱའི་གནས་སྐབས་སྲིད་གཞུང་གིས་བདེ་སྲུང་ནུས་པ་དང་དོ་དམ་ནུས་པ་ཇེ་དྲག་ཏུ་གཏོང་བཞིན་ཡོད་ལ། ཨ་མེ་རི་ཁ་ཕྱོགས་ཀྱིས་མུ་མཐུད་དུ་ལི་པུ་ཡཱ་དང་མཉམ་ལས་བཟང་བོ་བྱེད་འདོད་ཡོད་ཟེར།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ཡིས་ཀྱང་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཐེངས་འདིའི་བཙན་ཁྲིད་དོན་རྐྱེན་ལ་འདས་པའི་དུས་ཚོད་ཉེར་བཞིའི་རིང་འཛམ་གླིང་ཡོངས་ཀྱིས་དོ་སྣང་ཆེན་པོ་བྱས་པ་དང་། གལ་ཏེ་ལི་པུ་ཡཱའི་མིས་དམངས་གཙོ་དང་བདེ་འཇགས། དར་རྒྱས་བཅས་ཡིན་པའི་རྒྱལ་ཁབ་ཅིག་འཛུགས་འདོད་ན། རང་གི་སྲིད་གཞུང་དེ་ཁྲིམས་སྐྱོང་དང་འགྲོ་མིའི་ཐོབ་ཐང་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་བཙུགས་ནས། རིགས་དེ་མཚུངས་ཀྱི་དྲག་ཤུགས་བྱ་སྤྱོད་ཡང་བསྐྱར་འབྱུང་མི་རུང་ཟེར།

ལི་པུ་ཡཱའི་སྲིད་གཞུང་གིས་ཚེས10ཉིན་བདེན་དཔང་བྱས་དོན། ཀྲ་དབྱེ་ཏན་ཉིན་དེར་རྒྱལ་ས་ཏི་ལེ་པའོ་ལི་ནས་དྲག་ཆས་ཉེས་ཅན་སྐོར་ཞིག་གིས་བཙན་ཁྲིད་བྱས་ཟེར། ལི་པུ་ཡཱའི་དཔོན་ཕྱོགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། བཙན་ཁྲིད་བྱེད་མཁན་ནི་ནང་སྲིད་པུའུ་ཡིས་གདན་ཞུ་བྱས་ནས་ཏི་ལེ་པའོ་ལིའི་བདེ་སྲུང་བྱ་བར་འགན་ཁུར་བའི་སྔོན་ཆད་ཀྱི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་མི་སྣ་སྐོར་ཞིག་རེད། ལི་པུ་ཡཱའི་གསར་བརྗེའི་མཁན་འགུལ་སྐྱོད་ཨུ་ཡོན་ལྷན་ཁང་གིས་བཤད་རྒྱུར། རྩ་འཛུགས་དེའི་ཁོངས་སུ་གཏོགས་པའི་དྲག་ཆས་མི་སྣས་ཉིན་དེར་ཀྲ་དབྱེ་ཏན་འཛིན་བཟུང་བྱས་ཏེ། ཁོས་དབང་ཆ་བསྐྱུར་དགོས་པའི་བཙན་སྐུལ་བྱས། རྒྱུ་མཚན་ནི་ལི་པུ་ཡཱའི་སྣུམ་ཞིང་གི་བདག་གཉེར་མཁན་ལ་ལས་ཀྲ་དབྱེ་ཏན་གྱི་གནས་སྐབས་སྲིད་གཞུང་ལ་ལྐོག་དངུལ་བརྫངས་ཡོད་པས་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག