མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཛམ་གླིང་དངུལ་ཁང་གི་དཔོན་པོས་ཀྲུང་གོས་བཅོས་བསྒྱུར་ལ་ཡར་སྐུལ་བྱས་ཏེ་གསར་དར་དཔལ་འབྱོར་ཚོགས་པར་དཔེ་སྟོན་བྱས་ཡོད་པར་བཤད་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-10-11 10:47

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་དངུལ་ཁང་གི་དཔོན་པོ་ཅིན་ཡུང་གིས་སྤྱི་ཟླ10བའི་ཚེས10ཉིན་བཤད་རྒྱུར། ཀྲུང་གོས་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བའི་གནས་ཚུལ་འོག་སྔར་བཞིན་བཅོས་བསྒྱུར་ལ་ཡར་སྐུལ་བྱས་ཏེ། གསར་དར་ཚོང་ར་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་དཔེ་སྟོན་གྱི་ནུས་པ་བཟང་བོ་ཐོན་ཡོད་ཟེར།

ཅིན་ཡུང་གིས་ཉིན་དེར་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པ་དང་འཛམ་གླིང་དངུལ་ཁང་གི་ལོ་ཚོགས་མ་བསྡུས་གོང་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། དཔལ་འབྱོར་ཉམས་རྒུད་དུ་འགྲོ་བའི་གནས་ཚུལ་འོག ཀྲུང་གོས་སྔར་བཞིན་བཅོས་བསྒྱུར་ལ་ཡར་སྐུལ་བྱས་པ་དང་། ཆོད་སེམས་དེ་འདྲས་མི་ཀུན་ལ་བག་ཆགས་ཟབ་མོ་བཞག་ཡོད། ཧྲང་ཧེ་རང་དབང་ཉོ་ཚོང་ས་ཁུལ་བཙུགས་རྗེས་དང་ཀྲུང་གོས་དཔལ་འབྱོར་འཕར་སྣོན་རྒྱུན་འཁྱོངས་བྱས་ཏེ་དངུལ་གཏོང་དང་ཕྱིར་གཏོང་ལ་བརྟེན་ནས་འཛད་སྤྱོད་དང་ཞབས་ཞུའི་ལས་རིགས་ལ་བརྟེན་པའི་ཕྱོགས་སུ་བསྒྱུར། དེ་ནི་ཡང་དག་པའི་ཐབས་ཇུས་ཤིག་ཡིན་པ་དང་། ཀྲུང་གོས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེས་བཟང་བོ་ཞིག་རྙེད་ཡོད་ཟེར།

ཅིན་ཡུང་གིས་ད་རུང་བསྟན་དོན། འཛམ་གླིང་དངུལ་ཁང་གིས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་དངུལ་ལོར་སྲིད་ཇུས་ལེགས་སྒྲིག་ལས་གསར་དར་དཔལ་འབྱོར་ཚོགས་ཁག་ལ་གནོན་ཤུགས་དང་ཤུགས་རྐྱེན་ཐེབས་སྲིད་པར་དོ་སྣང་བྱེད་བཞིན་ཡོད་ཟེར། ཁོས་བལྟས་ན། གསར་དར་དཔལ་འབྱོར་ཚོགས་པས་དུས་ལྟར་དགོས་ངེས་ཀྱི་བཅོས་བསྒྱུར་བྱེད་དགོས་པ་དང་། ད་ལྟ་མྱུར་དུ་ལག་ལེན་དུ་བསྟར་དགོས་པར་འདོད། ཁོས་ད་རུང་ཨ་མེ་རི་ཁའི་དངུལ་བུན་ཆིངས་འགལ་གྱི་ཉེན་ཁ་ལས་མཇུག་འབྲས་ཚབས་ཆེན་འབྱུང་སྲིད་པའི་ཉེན་བརྡ་བཏང་།

དེ་ལས་གཞན། ཅིན་ཡུང་གིས་ད་རུང་ཐེངས་འདིའི་ལོ་ཚོགས་སྐབས་ཀྱི་འཛམ་གླིང་དངུལ་ཁང་གི་གྲོས་གཞི་གཙོ་བོ་མཚམས་སྦྱོར་བྱས། དེའི་ནང་དབུལ་ཕོངས་སེལ་བ་དང་ཡོང་འབབ་དམའ་བའི་རྒྱལ་ཁབ་ཀྱི་དངུལ་ལོར་རོགས་སྐྱོར་ཇེ་མང་དུ་གཏོང་བ། འཛམ་གླིང་དངུལ་ཁང་ནང་ཁུལ་གྱི་བཅོས་བསྒྱུར་ལ་ཡར་སྐུལ་བྱེད་པ་སོགས་འདུས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག