མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྫས་འགྱུར་མཚོན་ཆའི་ཆེད་མཁས་པ་སྐོར་ཐེངས་གཉིས་པ་སི་རི་ཡཱ་རུ་འགྲོ་རྒྱུ་ཡིན་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-10-10 11:11

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་ཀྱིས་ཚེས8ཉིན་བཤད་རྒྱུར། ཟླ་འདིའི་ཟླ་མགོར་སི་རི་ཡཱ་རུ་མངག་གཏོང་བྱས་པའི་རྫས་འགྱུར་མཚོན་ཆ་མེད་པར་གཏོང་བའི་ཆེད་མཁས་པའི་སྔོན་མངག་ཚན་ཆུང་གི་རྗེས་སུ། རྩ་འཛུགས་དེས་ཆེད་མཁས་པ་སྐོར་ཐེངས་གཉིས་པ་མངག་གཏོང་བྱེད་རྩིས་ཡོད་ཟེར།

རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་ཀྱིས་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། རྩ་འཛུགས་དེའི་ལག་རྩལ་དྲུང་ཡིག་ཁྲུའུ་ཡིས་སི་རི་ཡཱ་རུ་ཆེད་མཁས་པ་སྐོར་ཐེངས་གཉིས་པ་མངག་གཏོང་བྱས་ཏེ། ཟླ10བའི་ཚེས1་ཉིན་སི་རི་ཡཱ་རུ་འབྱོར་ནས་རྫས་འགྱུར་མཚོན་ཆར་ཞིབ་བཤེར་དང་མེད་པར་བཟོ་བཞིན་པའི་སྔོན་མངག་ཚན་ཆུང་རྒྱ་བསྐྱེད་རྩིས་ཡོད་ཟེར།

གསལ་སྒྲོག་ནང་བཤད་རྒྱུར། རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཡུག་ཙུའུ་མུའུ་ཅུའུ་ཡིས་ཚེས་བརྒྱད་ཉིན་རྩ་འཛུགས་དེའི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་ཧེ་ཡཱ་ནས་བསྡུས་པའི་གྲོས་ཚོགས་ཐེངས་དོན་བཞིའི་སྟེང་གཏམ་བཤད་སྤེལ་ཏེ། སྔོན་མངག་ཚན་ཆུང་དང་སི་རི་ཡཱའི་དབང་འཛིན་ལས་ཁུངས་ཀྱི་འདས་པའི་གཟའ་འཁོར་གཅིག་རིང་གི་མཉམ་ལས་ཀྱིས་དུས་ཡུན་རིང་ཞིང་དཀའ་ཚེགས་ཆེ་བའི་འཕེལ་རིམ་ཞིག་བདེ་བླག་ངང་མགོ་རྩོམ་དུ་བཅུག་ཡོད་ཟེར།

རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་ཀྱི་དཔྱད་ཞིབ་མི་སྣ་བཅུ་དགུ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་མི་སྣ་བཅུ་བཞིས་གྲུབ་པའི་སྔོན་མངག་ཚན་ཆུང་དེ་ཟླ་བཅུ་བའི་ཚེས་གཅིག་ཉིན་སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀི་རུ་འབྱོར་བ་དང་། ཚེས་དྲུག་ཉིན་སི་རི་ཡཱའི་མངའ་ཁོངས་ཀྱི་རྫས་འགྱུར་མཚོན་ཆར་ཐོག་དང་པོར་ཡུལ་དངོས་ནས་དཔྱད་ཞིབ་བྱེད་པའི་བྱ་བ་སྤེལ་མགོ་བརྩམས།

རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་ཀྱིས་ཚེས་དྲུག་ཉིན་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། སི་རི་ཡཱའི་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བའི་འཕེལ་རིམ་ཉིན་དེར་དངོས་སུ་མགོ་བརྩམས་པ་དང་། སི་རི་ཡཱའི་ཕྱོགས་ཀྱི་མི་སྣས་མཉམ་འབྲེལ་རྒྱལ་ཚོགས་དང་རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་ཀྱི་ཆེད་མཁས་པའི་ལྟ་རྟོག་འོག རྫས་འགྱུར་མཚོན་ཆའི་སྒྲིག་ཆས་རབས་དང་རིམ་པ་གཏོར་བ་དང་མེད་པར་བཟོས། རྫས་འགྱུར་མཚོན་ཆ་མེད་པར་བཟོ་བའི་བྱ་བ་དེ་མ་འོངས་པའི་ཉིན་འགའི་ནང་མུ་མཐུད་དུ་སྤེལ་རྒྱུ་ཡིན་ཟེར།

རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་ཀྱིས་སི་རི་ཡཱ་རྒྱལ་ཁབ་ཀྱིས་ཉིས་སྟོང་བཅུ་བཞི་ལོའི་ལོ་སྟོད་ལ་རྫས་འགྱུར་མཚོན་ཆའི་རྒྱུ་ཆ་དང་སྒྲིག་ཆས་ཚང་མ་མེད་པར་བཟོ་དགོས་པའི་རེ་བ་བཏོན་ཡོད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག