མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

པའོ་ཧེ་ཡིས་དམག་ཆས་ལྷག་མ་མེད་པར་བཟོ་བར་གྲོས་བསྡུར་བྱས་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-10-09 11:02

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པའོ་ཧེའི་རྒྱལ་སྲུང་པུའུ་ཡིས་ཚེས8ཉིན་མཚོན་ཆ་དང་དམག་ཆས། ས་འོག་འགད་རྫས་བཅས་ཀྱི་འཐབ་ཇུས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ཏེ། རྒྱལ་ཁབ་རང་གི་དམག་ཆས་ལྷག་མ་མེད་པར་བཟོ་བར་གྲོས་བསྡུར་བྱས་པ་དང་། པའོ་ཧེ་རུ་སྡོད་པའི་བྱང་ཆིངས་རྩ་འཛུགས་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཞི་བདེའི་སྲུང་སྐྱོབ་དམག་དཔུང་གི་མཐོ་རིམ་དཔོན་པོ་གྲོས་ཚོགས་ལ་ཞུགས།

པའོ་ཧེའི་རྒྱལ་སྲུང་བློན་ཆེན་ཨོ་སི་མུས་ཆི་དང་དྲག་ཆས་སྟོབས་ཤུགས་སྤྱིའི་ཇུས་འདོན་པ་ཡེ་ལེ་ཆི་གཉིས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་པའོ་ཧེ་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་དང་། ཧུར་ཐག་སྒོས་དམག་ཆས་ལྷག་མ་མེད་པར་བཟོས་ཏེ་པའོ་ཧེ་རྒྱལ་ཁབ་ལ་བདེ་འཇགས་ཀྱི་ཁོར་ཡུག་བསྐྲུན་རྒྱུ་ཡིན་ཟེར།

བྱང་ཆིངས་རྩ་འཛུགས་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་མཉམ་འབྲེལ་དམག་དཔུང་གི་ཆེས་མཐོའི་དམག་སྤྱི་ཁང་གི་དམག་སྤྱི་གཞོན་པ། དབྱིན་ཇིའི་དམག་དཔོན་ཞེ་ལོས་ཧྥུའུ་ཡིས་བྱང་ཆིངས་རྩ་འཛུགས་ཀྱིས་མུ་མཐུད་དུ་པའོ་ཧེ་ལ་རོགས་འདེགས་བྱས་ཏེ་དམག་ཆས་ལྷག་མ་མེད་པར་བཟོ་རྒྱུ་ཁས་ལེན་བྱས། པའོ་ཧེ་རུ་ཡོད་པའི་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་འཐུས་མི་པའེ་ཏོན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱིས་པའོ་ཧེའི་རྒྱལ་སྲུང་པུའུ་བར་མཉམ་ལས་གྲོས་མཐུན་ཞིག་བཀོད་དེ། ཕྱོགས་གཉིས་ཀྱིས་དམག་ཆས་ལྷག་མ་མེད་པར་བཟོ་བ་སོགས་ཐད་ཀྱི་མཉམ་ལས་ལ་ཡར་སྐུལ་བྱེད་རྒྱུ་ཡིན་ཟེར།

མཚོན་ཆ་དང་དམག་ཆས། ས་འོག་འགད་རྫས་བཅས་ཀྱི་འཐབ་ཇུས་ཨུ་ཡོན་ལྷན་ཁང་གིས་པའོ་ཧེ་ནང་ཁུལ་གྱི་དམག་ཆས་ལྷག་མ་ཉར་འཇོག་དང་མེད་པར་བཟོ་བ། ས་འོག་འགད་རྫས་གཙང་བཤེར་བྱེད་པ་སོགས་ཀྱི་ལས་དོན་ལ་འགན་ཁུར་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཁང་དང་བྱང་ཆིངས་རྩ་འཛུགས། པའོ་ཧེ་རུ་སྡོད་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་དམག་དཔུང་། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས། དེ་མིན་ཨ་མེ་རི་ཁ་དང་སུའེ་ཏེན་སོགས་རྒྱལ་ཁབ་ཀྱང་ལས་དོན་དེའི་ཁྲོད་ཞུགས་ཏེ་རྒྱབ་སྐྱོར་བྱེད་རྒྱུ་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག