མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་བུན་གྱིས་སི་རི་ཡཱའི་འཁྲུག་རྩོད་དེ་དམག་དོན་གྱི་ཐབས་ལ་བརྟེན་ནས་ཐག་གཅོད་བྱེད་མི་རུང་བར་བཤད་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-10-09 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧང་ག་རི་རྒྱལ་ཁབ་ཏུ་པུའུ་ཏཱ་ཕའེ་སི་ཆུའི་མཐོ་རིམ་གླེང་སྟེགས་ལ་ཞུགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་ཚེས8ཉིན་བསྟན་དོན། སི་རི་ཡཱའི་འཁྲུག་རྩོད་དེ་དམག་དོན་གྱི་ཐབས་ལ་བརྟེན་ནས་ཐག་གཅོད་བྱེད་མི་རུང་ལ། སྤྱད་ཆོག་པའི་ཐབས་ལམ་ཉག་ཅིག་ནི་ཆབ་སྲིད་གྲོས་མོལ་ལ་བརྟེན་ནས་ཐག་གཅོད་བྱེད་དགོས་ཟེར།

ཕན་ཅི་བུན་གྱིས་པུའུ་ཏཱ་ཕའེ་སི་ཡི་ཁའོ་ཝུན་ཉིག་སི་སློབ་ཆེན་དུ་གཏམ་བཤད་སྤེལ་སྐབས་གོང་གི་བསམ་ཚུལ་དེ་བསྟན་པ་རེད། ཁོས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ལས་སི་རི་ཡཱ་རྒྱལ་ཁབ་ཀྱིས་རྫས་འགྱུར་མཚོན་ཆ་སྐྱུར་དགོས་པའི་རེ་བ་བཏོན་པ་ནི་ལོ་རྒྱུས་རང་བཞིན་ལྡན་པའི་གྲུབ་འབྲས་ཤིག་ཡིན་པ་དང་། ཕྱི་འབྲེལ་ཐད་ཀྱི་རྒྱལ་ཁ་ཆེན་པོ་ཞིག་ཀྱང་རེད་ཟེར།

ཕན་ཅི་བུན་གྱིས་བཤད་རྒྱུར། ཉམས་ཉེན་ཐག་གཅོད་བྱེད་པའི་ཞོར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ད་རུང་འཛམ་གླིང་གི་རྒྱུན་མཐུད་འཕེལ་རྒྱས་དང་དབུལ་ཕོངས་སེལ་བར་འགན་སྲུང་བྱེད་པའི་ལས་འགན་ཁུར་ཡོད་ཟེར། ཁོས་སློབ་གྲྭ་ཆེན་མོ་བ་དག་འཛམ་གླིང་གི་སྤྱི་དམངས་ཡིན་པའི་ཆ་ནས་འཛམ་གླིང་སྟེང་གི་གནད་དོན་གལ་ཆེན་ཐག་གཅོད་བྱེད་པའི་བྱ་བའི་ནང་ཞུགས་དགོས་པའི་འབོད་སྐུལ་བཏང་། ཁོས་བཤད་རྒྱུར། ད་ལྟ་མཉམ་འབྲེལ་རྒྱལ་ཚོགས་སྟོང་ལོའི་འཕེལ་རྒྱས་དམིགས་འབེན་མངོནའ་གྱུར་བྱེད་པའི་བར་ལོ་ངོ་གཉིས་ལྷག་གི་དུས་ཚོད་ཡོད་པས། འཕེལ་རིམ་ཇེ་མགྱོགས་སུ་བཏང་སྟེ་རྒྱུན་མཐུད་འཕེལ་རྒྱས་ལ་འགན་སྲུང་བྱེད་པའི་ཐད་དམིགས་འབེན་གསར་བ་འདོན་དགོས་ཟེར།

ཉིན་དེར། ཁའོ་ཝུན་ཉིག་སི་སློབ་ཆེན་གྱིས་ཕན་ཅི་བུན་ལ་མཚན་འཛིན་འབུམ་རམས་པའི་མཚན་གནས་བྱིན་ཏེ། ཁོས་དབུལ་ཕོངས་སེལ་བ་སོགས་ཀྱི་ཐད་འབད་བརྩོན་ལྷོད་མེད་བྱས་པར་གཟེངས་བསྟོད་བྱས། ཕན་ཅི་བུན་གྱིས་བསྟན་དོན། ཁོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་མི་སྣ་ཡོངས་ཀྱི་ཚབ་བྱས་ནས་མཚན་གནས་དེ་དང་ལེན་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་ཁའོ་ཝུན་ཉིག་སི་སློབ་ཆེན་གྱི་དམིགས་འབེན་གཅིག་མཚུངས་ཡིན་ལ། ཀུན་གྱིས་སྔར་ལས་ལྷག་པའི་འཛམ་གླིང་ཞིག་བསྐྲུན་པར་འབད་འབུངས་བྱེད་བཞིན་ཡོད་ཟེར།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག