མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

པཱ་མཱ་ཡིས་ནོར་སྲིད་གནད་དོན་གྱི་དུས་ཡུན་ཐུང་ངུའི་ཐག་གཅོད་ཇུས་གཞི་དང་ལེན་བྱེད་འདོད་ཡོད་པའི་ཚུལ་བསྟན་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-10-09 11:02

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས8ཉིན་བསྟན་དོན། རྒྱལ་ཚོགས་ཀྱིས་ཟུར་སྣོན་ཆ་རྐྱེན་ཅི་ཡང་མེད་པའི་སྲིད་གཞུང་གི་དངུལ་གཏོང་གྲོས་གཞི་དང་དངུལ་བུན་ཚད་གཞིའི་བཅའ་ཁྲིམས་འཆར་ཟིན་ལ་ཆོག་མཆན་ཐོབ་ན། དུས་ཡུན་ཐུང་ཐུང་ཞིག་ཡིན་རུང་། ཁོས་དེའི་རྗེས་སུ་སྤྱི་མཐུན་ཏང་མི་དང་མཉམ་དུ་སྨན་བཅོས་ཉེན་སྲུང་བཅོས་བསྒྱུར་དང་། སྲིད་གཞུང་གི་འགྲོ་སོང་། ནོར་སྲིད་ཀྱི་གྱོང་གུད་སོགས་གནད་དོན་ཐད་ནས་གྲོས་མོལ་བྱེད་འདོད་ཡོད་ཟེར།

    ཨོ་པཱ་མཱ་ཡིས་ཉིན་དེར་ཕོ་བྲང་དཀར་པོ་ནས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཁོས་བལྟས་ན་མིག་སྔར་དམངས་གྲོས་ཁང་ལ་གྲོས་ཞུགས་ཁང་གི་སྲིད་གཞུང་གནས་སྐབས་ཀྱི་དངུལ་གཏོང་གྲོས་གཞིར་གྲོས་མཐུན་འགོད་པའི་འདེམ་ཤོག་འདང་ཚིམས་པ་ཡོད་པ་དང་། གལ་ཏེ་འདེམ་ཤོག་འཕང་ན་སྲིད་གཞུང་གི་སྡེ་ཁག་གཙོ་བོས་ལས་མཚམས་བཞག་པའི་གནས་བབ་དེ་མྱུར་དུ་མཇུག་སྒྲིལ་ཐུབ་ལ། ཏང་ཁག་གཉིས་ཀྱིས་ནོར་སྲིད་གནད་དོན་ཐད་ནས་མུ་མཐུད་དུ་གྲོས་མོལ་བྱེད་ཐུབ་ཟེར། ཁོས་ད་རུང་རྒྱལ་ཚོགས་ཀྱིས་གང་མགྱོགས་སྒོས་སྲིད་གཞུང་གི་དངུལ་བུན་ཚད་གཞི་ཇེ་མཐོར་གཏོང་དགོས་པའི་འབོད་སྐུལ་བཏང་བ་དང་། དངུལ་བུན་ཆིངས་ཡིག་དང་འགལ་ན་དཔལ་འབྱོར་ཐད་མཇུག་འབྲས་ཚབས་ཆེན་འབྱུང་སྲིད་ཟེར།

    ཨོ་པཱ་མཱ་ཡིས་ད་རུང་བསྟན་དོན། སྤྱི་མཐུན་ཏང་མི་དང་མཉམ་དུ་གྲོས་གཞི་གང་རུང་ལ་གྲོས་མོལ་བྱེད་འདོད་ཡོད་ཀྱང་། སྤྱི་མཐུན་ཏང་མིས་སྲིད་གཞུང་གི་སྒོ་བརྒྱག་པ་དང་དཔལ་འབྱོར་གནས་བབ་རྙོག་འཛིང་དུ་བཟོས་ནས་འཇིགས་ཉེན་སྐུལ་མི་རུང་ཟེར།

    ཨ་མེ་རི་ཁའི་དམངས་གྲོས་ཁང་གི་གྲོས་དཔོན་པའོ་ནཱ་ཡིས་ཚེས8ཉིན་བསྟན་དོན། མིག་སྔའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་སྡེ་ཁག་གཙོ་བོས་ལས་མཚམས་བཞག་པའི་གནད་དོན་ཐག་གཅོད་བྱེད་པར་དམངས་གཙོ་ཏང་དང་སྤྱི་མཐུན་ཏང་གཉིས་ཀྱིས་ནོར་སྲིད་གནད་དོན་ཐད་ནས་གྲོས་མོལ་བྱེད་དགོས་པ་དང་། ཁོས་ཨོ་པཱ་མཱ་དང་རྒྱལ་ཚོགས་ཀྱི་དམངས་གཙོ་ཏང་གི་མགོ་ཁྲིད་པ་དག་དང་མཉམ་དུ་གྲོས་གཞི་གང་རུང་ལ་གྲོས་མོལ་བྱེད་འདོད་ཡོད་ཟེར། དེ་ལས་གཞན་ཨོ་པཱ་མཱ་ཡིས་ཉིན་དེའི་ཞོགས་པར་པའོ་ནཱ་ལ་ནོར་སྲིད་གནད་དོན་ཐད་ནས་ཁ་པར་བཏང་། ཕོ་བྲང་དཀར་པོས་ཁྱབ་སྒྲོག་བྱས་པའི་གླེང་མོལ་ནང་དོན་ལྟར་ན། ཨོ་པཱ་མཱ་ཡིས་སྲིད་གཞུང་གི་སྒོ་བརྒྱབ་པ་དང་དངུལ་བུན་གྱི་ཚད་གཞིའི་ཉམས་ཉེན་མཇུག་སྒྲིལ་རྗེས། སྤྱི་མཐུན་ཏང་མི་དང་མཉམ་དུ་ནོར་སྲིད་གནད་དོན་ལ་གྲོས་བསྡུར་བྱེད་འདོད་ཡོད་པ་བསྐྱར་སྒྲོག་བྱས་པ་དང་། ཁོས་པའོ་ནཱ་ཡིས་དམངས་གྲོས་ཁང་གིས་གྲོས་ཞུགས་ཁང་གིས་དེའི་སྔོན་གྲོས་མཐུན་བཀོད་པའི་སྲིད་གཞུང་གི་དངུལ་གཏོང་གྲོས་གཞི་ལ་འདེམ་ཤོག་འཕེན་དགོས་པའི་སྐུལ་མ་བཏང་།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག