མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་ཁབ་སོ་སོས་རོགས་སྐྱོར་དམ་བཅའ་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་བཏང་བ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-10-09 11:01

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་དང་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་རེ་བརྒྱད་པའི་ཀྲུའུ་ཞི་ཨ་ཧྲི་གཉིས་ཀྱིས་ཚེས7ཉིན་རྒྱལ་ཁབ་སོ་སོས་དཔོན་ཕྱོགས་ཀྱིས་རོགས་སྐྱོར་བྱེད་པའི་དམ་བཅའ་ལག་བསྟར་བྱས་ཏེ། སྟོང་ལོའི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་ཉིན་དེར་འཕེལ་རྒྱས་དངུལ་གསོག་གནད་དོན་གྱི་མཐོ་རིམ་གྲོས་ཚོགས་ཐེངས་དྲུག་པ་བསྡུས། ཕན་ཅི་བུན་གྱིས་ཚོགས་ཐོག་ནས་བཤད་རྒྱུར། ཉིས་སྟོང་གཉིས་ལོར་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པ་ཧེ་ཞི་ཀིའི་མིན་ཐི་ལོས་སུ་འཛོམས་ཤིང་ མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་འཕེལ་རྒྱས་དངུལ་གསོག་གྲོས་ཚོགས་ལ་ཞུགས་ནས། རྣམ་པ་གསར་བའི་འཕེལ་རྒྱས་གྲོགས་པོའི་འབྲེལ་བ་འཛུགས་པའི་མིན་ཐི་ལོས་ཐུན་མོང་ལྟ་བར་གྲོས་འཆམ་བྱུང་། ལོ་བཅུ་ཕྲག་ལྷག་འདས་པའི་དེང་གི་དུས་འདིར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡང་བསྐྱར་གནད་དོན་དེ་གླེང་དགོས་བྱུང་ཟེར།

ཕན་ཅི་བུན་གྱིས་བཤད་རྒྱུར།2015 ལོའི་ལོ་མཇུག་བར་དུས་ཡུན་རིང་བོ་མེད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་སྟོབས་ཤུགས་ཡོད་དགུ་བཏོན་ནས་ཆེས་མཇུག་མཐའི་དུས་ཡུན་ནང་སྟོང་ལོའི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་དགོས་པར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ད་རུང་རྒྱུན་མཐུད་འཕེལ་རྒྱས་སྙིང་བོར་གྱུར་བའི་ཉིས་སྟོང་བཅོ་ལྔ་ལོའི་རྗེས་ཀྱི་འཕེལ་རྒྱས་གྲོས་རིམ་གཏན་འབེབས་བྱས་ཏེ། འགྲན་རྩོད་དེ་ཐག་གཅོད་བྱེད་པའི་ཆེད་དུ་མ་དངུལ་བསྡུ་བ་ནི་དཀའ་ཚེགས་ཆེ་བའི་ལས་འགན་ཞིག་རེད་ཟེར།

ཕན་ཅི་བུན་གྱིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་འདོན་སྤྲོད་བྱས་པའི་དཔོན་ཕྱོགས་ཀྱི་འཕེལ་རྒྱས་རོགས་སྐྱོར་ཇེ་ཉུང་དུ་འགྲོ་བཞིན་ཡོད་པས། ཁོས་དེར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་མང་བོ་དང་། ཁྱད་པར་དུ་སྟོབས་ཤུགས་ཆེས་ཞན་པའི་རྒྱལ་ཁབ་དེ་དག་ལ་མཚོན་ན། གཏན་འཇགས་ཀྱི་དཔོན་ཕྱོགས་འཕེལ་རྒྱས་རོགས་སྐྱོར་མ་དངུལ་ཐོབ་པར་གལ་འགངས་ཧ་ཅང་ཆེ་ཟེར། ཕན་ཅི་བུན་གྱིས་རྒྱལ་ཁབ་ཚང་མས་དམ་བཅའ་བརྩི་སྲུང་བྱས་ཏེ། ད་ཡོད་ཀྱི་དཔོན་ཕྱོགས་འཕེལ་རྒྱས་རོགས་སྐྱོར་གྱི་དམིགས་འབེན་ལག་བསྟར་བྱེད་དགོས་པའི་སྐུལ་མ་བཏང་།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག