མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་རི་ཡཱ་རྒྱལ་ཁབ་ཕྱི་ནང་གི་ངོ་རྒོལ་ཕྱོགས་ཁག་གིས་ཞི་བའི་གྲོས་མོལ་ལ་ཞུགས་འདོད་ཡོད་པའི་ཚུལ་བསྟན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-08 11:24

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་དང་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་གཉིས་ཀྱིས་ཚེས7ཉིན་ཧིན་རྡུ་ཉི་ཞི་ཡཱའི་པཱ་ལི་གླིང་ཕྲན་ནས་སྔ་མོ་ནས་རི་ནེ་ཝའི་སི་རི་ཡཱའི་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་ཐེངས་གཉིས་པ་བསྡུ་བར་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན་རྗེས། སི་རི་ཡཱ་རྒྱལ་ཁབ་ཕྱི་ནང་གི་ངོ་རྒོལ་ཕྱོགས་ཁག་གིས་ཞི་བའི་གྲོས་མོལ་ལ་ཞུགས་འདོད་ཡོད་པའི་ཚུལ་བསྟན།

སི་རི་ཡཱའི་མངའ་ཁོངས་ཀྱི་ངོ་རྒོལ་ཕྱོགས་ཁག་གཙོ་བོ་སི་རི་ཡཱའི་རྒྱལ་ཡོངས་དམངས་གཙོའི་བཅོས་བསྒྱུར་སྟོབས་ཤུགས་མི་རིགས་མཐུན་སྦྱོར་ལས་ཁུངས་ཀྱིས་ཚེས་བདུན་ཉིན་ཏཱ་མཱ་ཧྲི་ཀི་ནས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། ལས་ཁུངས་དེ་རི་ནེ་ཝའི་གྲོས་མོལ་ལ་ཞུགས་རྒྱུ་ཁྱབ་སྒྲོག་བྱས། ལས་ཁུངས་དེའི་ཁོངས་མི་ཨ་ཁཱ་ཧྲི་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། རྩ་འཛུགས་དེས་གྲོས་མོལ་ལ་ཞུགས་པའི་སྔོན་འགྲོའི་ཆ་རྐྱེན་ཅི་ཡང་འདོན་མི་སྲིད་ཅིང་། ན་ནིང་གི་རི་ནེ་ཝའི་གྲོས་ཚོགས་ནས་གྲོས་འཆམ་བྱུང་བའི་ཐུན་མོང་ལྟ་ཚུལ་བརྩི་སྲུང་བྱེད་རྒྱུ་ཡིན་ལ། ཕྱོགས་ཁག་གཞན་པས་ཀྱང་ཐུན་མོང་ལྟ་ཚུལ་དེ་དག་བརྩི་སྲུང་དང་ལག་ལེན་བྱེད་དགོས་པའི་རེ་བ་བཏོན། ཁོས་བལྟས་ན། གྲ་སྒྲིག་བྱེད་པའི་རི་ནེ་ཝའི་གྲོས་ཚོགས་སྟེང་གྲོས་འཆམ་འབྱུང་དགོས་པའི་དམིགས་འབེན་ཐོག་མ་ནི་ངོ་རྒོལ་ཕྱོགས་ཁག་དག་གཅིག་གྱུར་འཐད་པ་ཡིན་པའི་མི་སྣས་མགོ་ཁྲིད་བྱེད་པ་དང་། དབང་ཤུགས་ཆེན་པོ་ལྡན་པའི་བར་བརྒལ་སྲིད་གཞུང་གསར་བ་ཞིག་བཙུགས་ཏེ། དམངས་གཙོའི་ཆབ་སྲིད་བར་བརྒལ་མངོན་འགྱུར་བྱེད་རྒྱུ་དེ་ཡིན་ལ། རི་ནེ་ཝའི་གྲོས་ཚོགས་ཀྱིས་སི་རི་ཡཱའི་གནད་དོན་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་བྱེད་པར་སྒོ་གླེགས་གསར་བ་ཞིག་འབྱེད་དགོས་པར་འདོད།

དེ་དང་མཉམ་དུ་སི་རི་ཡཱའི་ཕྱི་རོལ་གྱི་ངོ་རྒོལ་ཕྱོགས་ཁག་གཙོ་བོ་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་དང་གསར་བརྗེའི་སྟོབས་ཤུགས་རྒྱལ་ཡོངས་མནའ་འབྲེལ་གྱིས་ཚེས་བདུན་ཉིན་རི་ནེ་ཝའི་གྲོས་མོལ་ལ་ཆ་རྐྱེན་ཡོད་པའི་སྒོ་ནས་ཞུགས་པར་བསམ་བློ་གཏོང་རྒྱུ་ཡིན་ཟེར། རྒྱལ་ཡོངས་མནའ་འབྲེལ་དེའི་ཀྲུའུ་ཞི་ཅར་པཱ་ཡིས་བཤད་རྒྱུར། མནའ་འབྲེལ་དེ་གྲོས་མོལ་ལ་ཞུགས་སྲིད་ཀྱང་། དུས་རིམ་རྗེས་མའི་གྲོས་མོལ་གང་རུང་མ་སྤེལ་གོང་རྒྱལ་སྤྱིའི་སྤྱི་ཚོགས་དང་ཨ་རབ། དབྱི་སི་ལན་རྒྱལ་ཁབ་བཅས་ཀྱིས་མནའ་འབྲེལ་དེར་འགན་སྲུང་གང་ལེགས་བྱེད་དགོས་པ་དང་། ཁྱད་པར་དུ་སོ་ཏི་ཨ་རབ་དང་། ཁཱ་ཐར། ཐུར་ཁེ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཅོར་ཏན་སོགས་རྒྱལ་ཁབ་ཀྱིས་འགན་སྲུང་བྱེད་དགོས་པར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོ་རྒོལ་ཕྱོགས་ཁག་ལ་རྣམ་པ་གསར་བའི་མཚོན་ཆ་འདོན་སྤྲོད་བྱས་ཏེ་སི་རི་ཡཱ་བཅིངས་འགྲོལ་བྱེད་དུ་འཇུག་དགོས་པ་ནན་བཤད་བྱས། ཁོས་བཤད་རྒྱུར། གལ་ཏེ་མནའ་འབྲེལ་དེར་འགན་སྲུང་གང་ལེགས་ཐོབ་ན་ངོ་རྒོལ་ཕྱོགས་ཁག་གཞན་པ་དང་མཉམ་དུ་གྲོས་མོལ་ལ་ཞུགས་མིན་ཐད་ནས་མནའ་འབྲེལ་ནང་ཁུལ་ནས་འདེམ་ཤོག་འཕང་ནས་ཐག་གཅོད་བྱས་ཆོག་ཟེར།

ཅར་པཱ་ཡིས་ད་རུང་བཤད་རྒྱུར། པཱ་ཧྲ་ཨར་སྲིད་དབང་གིས་དབང་ཤུགས་མ་སྤྲད་ན་མནའ་འབྲེལ་དེས་སི་རི་ཡཱའི་དབང་འཛིན་ལས་ཁུངས་བར་གྲོས་མོལ་བྱེད་མི་སྲིད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག