མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨེ་ཅིབ་ཀྱི་ས་ཁུལ་མང་བོ་ཞིག་ནས་འཁྲུག་རྩོད་བྱུང་སྟེ་མི་ང་གཅིག་རྐྱེན་ལམ་དུ་ཤོར་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-08 11:24

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་འཕྲོད་བསྟེན་པུའུ་ཡིས་ཚེས7ཉིན་བཤད་རྒྱུར། ཨེ་ཅིབ་ཀྱི་ས་ཁུལ་མང་བོ་ནས་ཚེས་བདུན་ཉིན་འཁྲུག་རྩོད་བྱུང་སྟེ། མི་ང་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་ཉིས་བརྒྱ་དང་རེ་བརྒྱད་ལ་རྨས་ཕོག་ཟེར།

ཨེ་ཅིབ་ཀྱི་ས་ཁུལ་མང་བོ་ནས་ཉིན་དེར་ཟླ་བཅུ་བའི་འཐབ་འཁྲུག་བྱུང་ནས་ལོ་ངོ་བཞི་བཅུ་འགོར་བར་རྗེས་དྲན་བྱེད་པའི་འདུ་ཚོགས་བསྡུས། དེ་མིན་དམག་ཕྱོགས་ཀྱིས་འགན་བླངས་པའི་ཙུང་ཐུང་མུའུ་ཨར་ཞི་ཡི་རྒྱབ་སྐྱོར་མཁན་གྱིས་ཁེ་རོ་དང་། ཅི་སཱ། པེ་ནེ་སུའུ་ཝེ་ཧྥུའུ། མེན་ཡཱ་སོགས་ཞིང་ཆེན་ནས་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་སྤེལ་ཏེ། མུའུ་ཨར་ཞི་ཡི་ཙུང་ཐུང་ལས་འགན་སླར་གསོ་བྱེད་དགོས་པའི་རེ་བ་བཏོན། རྔམ་སྟོན་ཁྲོམ་སྐོར་མཁན་དང་ཉེན་རྟོག་པའི་བར་འཁྲུག་རྩོད་བྱུང་སྟེ། ཁེ་རོ་དང་ཅི་སཱ་ཞིང་ཆེན་གཉིས་ནས་ཤི་རྨས་ཚབས་ཆེན་བྱུང་།

ཁེ་རོ་ནས་མང་ཚོགས་མང་བོ་བཅིངས་འགྲོལ་ཐང་ཆེན་དང་ཙུང་ཐུང་བཞུགས་ཤག་གི་ཐང་ཆེན་དུ་འདུས་ཏེ་རྗེས་དྲན་བྱ་འགུལ་ལ་ཞུགས། ཉེན་རྟོག་ཕྱོགས་ཀྱིས་བཅིངས་འགྲོལ་ཐང་ཆེན་དུ་ཡོང་བའི་མུའུ་སི་ལིན་སྤུན་ཟླའི་ཚོགས་པའི་རྒྱབ་སྐྱོར་མཁན་བཀག་པ་རེད། མུའུ་སི་ལིན་སྤུན་ཟླའི་ཚོགས་པའི་རྒྱབ་སྐྱོར་མཁན་བརྒྱ་ཕྲག་འགའ་ཡིས་ལཱ་མེ་ཞི་སི་ཐང་ཆེན་ནས་ཉེན་རྟོག་པ་དང་མང་ཚོགས་བར་འཁྲུག་རྩོད་བསླངས་ཏེ་དུས་ཡུན་ངེས་ཅན་ཞིག་ལ་འགྲིམ་འགྲུལ་ཐད་བཀག་རྒྱ་ཚབས་ཆེན་བཟོས།

ཨེ་ཅིབ་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཉེན་རྟོག་ཕྱོགས་ཀྱིས་ཉིན་དེར་ཁེ་རོ་ཡི་ས་འོག་ལྕགས་ལམ་ས་ཚིགས་ཤིག་ནས་མུའུ་སི་ལིན་སྤུན་ཟླའི་ཚོགས་པའི་རྒྱབ་སྐྱོར་མཁན་ཉེར་ལྔ་འཛིན་བཟུང་བྱས་པ་དང་། འཛིན་བཟུང་བྱས་པའི་མི་སྣས་ལག་འབོམ་ལྔ་བཅུ་ལྷག་བཟུང་ཡོད་ཟེར། ཨེ་ཅིབ་ཀྱི་གྲོང་ཁྱེར་ཆེན་པོ་གཉིས་པ་ཡཱ་ལི་ཧྲན་ཏཱ་ནས། ཉེན་རྟོག་ཕྱོགས་ཀྱིས་དྲག་ཤུགས་ངན་སྐུལ་བྱས་པའི་མུའུ་སི་ལིན་སྤུན་ཟླའི་ཚོགས་པའི་རྒྱབ་སྐྱོར་མཁན་ཉི་ཤུ་འཛིན་བཟུང་བྱས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག