མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་ཀྱི་ཆེད་མཁས་པས་སི་རི་ཡཱ་ནས་ཡུལ་དངོས་དཔྱད་ཞིབ་བྱ་བ་སྤེལ་མགོ་བརྩམས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-07 11:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་ཀྱི་ཁོངས་སུ་གཏོགས་པའི་སི་རི་ཡཱའི་རྫས་འགྱུར་མཚོན་ཆའི་དཔྱད་ཞིབ་ཆེད་མཁས་ཚན་ཆུང་གི་སྔོན་མངག་རུ་ཁག་གིས་སྤྱི་ཟླ10བའི་ཚེས6ཉིན་སི་རི་ཡཱ་ནས་ཉིན་དང་པོའི་དངོས་ཡུལ་དཔྱད་ཞིབ་བྱ་བ་སྤེལ།

ཆེད་མཁས་ཚན་ཆུང་དེར་འབྲེལ་འདྲིས་ཟབ་པའི་འབྲེལ་ཡོད་མི་སྣས་གསར་འགོད་པར་བཤད་རྒྱུར། ཉིན་དེར་ཆེད་མཁས་པའི་ཚན་ཆུང་གི་ཁོངས་མི་དག་ཏཱ་མཱ་ཧྲི་ཀི་གྲོང་ཁྱེར་ལྟེ་གནས་སུ་ཡོད་པའི་མགྲོན་ཁང་དང་བྲལ་ནས། རྫས་འགྱུར་མཚོན་ཆའི་སྒྲིག་ཆས་ཡོད་ས་ཞིག་ཏུ་སོང་ནས་ཡུལ་དངོས་ནས་དཔྱད་ཞིབ་བྱས་ཟེར། མི་དེས་བཤད་རྒྱུར། སི་རི་ཡཱའི་ཕྱོགས་ཀྱིས་རྫས་འགྱུར་མཚོན་ཆ་ཉར་འཇོག་བྱེད་སའི་གནས་ཡུལ་ཁྱབ་སྒྲོག་བྱས་པའི་དུས་རིམ་དང་པོའི་འཕེལ་རིམ་མཇུག་སྒྲིལ་ལ་ཉེ་བའི་དབང་གིས་མིག་སྔར་ཆེད་མཁས་ཚན་ཆུང་དུས་རིམ་གཉིས་པ་སྟེ། རྫས་འགྱུར་མཚོན་ཆ་དང་འབྲེལ་ཡོད་སྒྲིག་ཆས་ལ་དཔྱད་ཞིབ་དང་མེད་པར་བཟོ་བའི་དུས་རིམ་གྱི་བྱ་བར་ཞུགས་ཡོད་ཟེར།

ལེ་པཱ་ནུན་གྱི་བརྙན་འཕྲིན་ཁང་གིས་ཉིན་དེར་བསྒྲགས་པའི་གནས་ཚུལ་ལྟར་ན། ཆེད་མཁས་ཚན་ཆུང་གིས་སི་རི་ཡཱའི་རྫས་འགྱུར་མཚོན་ཆ་དང་སྒྲིག་ཆས་མེད་པར་བཟོ་བའི་བྱ་བ་སྤེལ་མགོ་བརྩམས་ཟེར།

ཆེད་མཁས་ཚན་ཆུང་གིས་ཚེས་གསུམ་ཉིན་ཏཱ་མཱ་ཧྲི་ཀི་རུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དོན་གཅོད་ཁང་དང་མཉམ་དུ་སྤེལ་བའི་གསལ་སྒྲོག་ནང་བསྟན་དོན། ཚེས7ཉིན་ནས་བཟུང་གཟའ་འཁོར་གཅིག་རིང་གི་རྫས་འགྱུར་མཚོན་ཆའི་ཡུལ་དངོས་དཔྱད་ཞིབ་བྱ་བ་དངོས་སུ་མགོ་བརྩམས་ཏེ། རྫས་འགྱུར་མཚོན་ཆའི་སྒྲིག་ཆས་གཏན་འགོག་བྱེད་པའི་ལས་འགན་ཡོངས་འགྲུབ་བྱེད་ཐུབ་པར་རེ་བས་ཁེངས་ཡོད་ཟེར། གསལ་སྒྲོག་ལས་བཤད་རྒྱུར། ཆེད་མཁས་ཚན་ཆུང་གི་ཐོག་མའི་ལས་འགན་གཙོ་བོ་ནི་སི་རི་ཡཱའི་སྲིད་གཞུང་གིས་འདོན་སྤྲོད་བྱས་པའི་རྫས་འགྱུར་མཚོན་ཆའི་བརྡ་འཕྲིན་ལ་དཔྱད་ཞིབ་བྱེད་པ་དང་། ཚན་ཆུང་གི་མི་སྣའི་དཔྱད་ཞིབ་སྐབས་ཀྱི་བདེ་འཇགས་དང་རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་ཀྱི་གྲོས་ཆོད་གཏན་འབེབས་ཇུས་གཞི་དངོས་འབེབས་བྱེད་པར་འགན་སྲུང་བྱེད་རྒྱུ་དེ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག