ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ངོ་གཉིས་ལྷག་གི་ཆབ་སྲིད་ཉམས་ཉེན་བརྒྱུད་རྗེས། ཐུར་ཁེའི་སྲིད་འཛིན་ཏང་མནའ་འབྲེལ་དང་ངོ་རྒོལ་ཕྱོགས་ཁག་གིས་སྤྱི་ཟླ10བའི་ཚེས5ཉིན་རྒྱལ་ཡོངས་ཀྱི་གྲོས་མོལ་ཚོགས་ཆེན་བསྡུས་ཏེ་ཆབ་སྲིད་འགྲིག་མཐུན་ཡོང་བར་བརྩོན་ལེན་བྱས་པ་དང་། སྲིད་གཞུང་ཏང་དབྱི་སི་ལན་བསྐྱར་དར་འགུལ་སྐྱོད་དང་བཅས་པའི་ཏང་ཁག20ཙམ་གྱིས་ཉམས་ཉེན་ཐག་གཅོད་བྱེད་པའི་འཆར་གཞི་བཀོད།
ཐུ་ནི་ཞི་ཡཱའི་ཙུང་ཐུང་མར་ཙུའུ་ཅི་དང་། ཙུང་ལི་ལཱ་ཧཱ་ཡེ་ཏི། རྩ་ཁྲིམས་གཏན་འབེབས་གྲོས་ཁང་གི་གྲོས་དཔོན་ཅཱ་ཧྥར། དེ་མིན་སྲིད་ཏང་མང་བོའི་མགོ་ཁྲིད་པ་སོགས་རྒྱལ་ཡོངས་གྲོས་མོལ་ཚོགས་ཆེན་ལ་ཞུགས། ཚོགས་ཆེན་དེའི་བཀོད་སྒྲིག་མཁན་གཙོ་བོ། ཐུ་ནི་ཞི་ཡཱའི་ངལ་རྩོལ་བཟོ་བའི་སྤྱིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཨ་པཱ་ཞི་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་བཤད་རྒྱུར། ཏང་ཁག་སོ་སོས་ཕན་ཚུན་བཟོད་སྒོམ་བྱེད་དགོས་པ་དང་། སྐབས་འགར་བཟོད་སྒོམ་བྱེད་པ་དེ་སྡུག་བསྔལ་ཞིག་ཡིན་ཡང་ཚང་མ་རྒྱལ་ཁབ་ཀྱི་ཁེ་ཕན་དང་། ཆབ་སྲིད་སྟོབས་ཤུགས་སོ་སོར་ཡང་བསྐྱར་ཡིད་ཆེས་འཐོབ་པ། ཐུ་ནི་ཞི་ཡཱའི་མི་དམངས་ཀྱི་ཡིད་སེམས་བདེ་རུ་འཇུག་པ་བཅས་ཀྱི་ཆེད་དུ་ཡིན་ཟེར། །