མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་གྲོལ་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-06 11:06

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2013ལོའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྤྱི་ཟླ10བའི་ཚེས5ཉིན་ཧིན་རྡུ་ཉི་ཞི་ཡཱའི་པཱ་ལི་གླིང་ཕྲན་ནས་གྲོལ། ཐེངས་འདིའི་གྲོས་ཚོགས་ལ་མགོ་འཛིན་བྱེད་པའི་ཧིན་རྡུ་ཉི་ཞི་ཡཱའི་ཉོ་ཚོང་པུའུ་ཀྲང་ཝེ་ཡཱ་ཝན་གྱིས་བཤད་རྒྱུར། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕར་སྣོན་འབྱུང་བའི་རྣམ་པ་སྲུང་འཛིན་བྱེད་པར་གལ་འགངས་ཧ་ཅང་ཆེ་བ་དང་། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བའི་གནོན་ཤུགས་ཞི་འཇགས་སུ་གཏོང་བའི་གནད་འགག་ནི་ཁོངས་གཏོགས་རྒྱལ་ཁབ་སོ་སོས་སྔར་ལས་མཉམ་ལས་ཟབ་མོ་བྱེད་རྒྱུ་དེ་ཡིན་ཟེར།

ཝེ་ཡཱ་ཝན་གྱིས་གྲོས་ཚོགས་གྲོལ་རྗེས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཐེངས་འདིའི་གྲོས་ཚོགས་སྟེང་ཕྱོགས་སོ་སོས་ས་ཁོངས་མཉམ་ལས་དང་ཕན་ཚུན་དངུལ་གཏོང་ལ་ཤུགས་སྣོན་བྱེད་པར་འཐད་པ་བྱུང་ཡོད། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་གསར་དར་དཔལ་འབྱོར་ཚོགས་ཁག་གིས་དཔལ་འབྱོར་གསོན་ཤུགས་སྲུང་འཛིན་བྱས་ན། དར་རྒྱས་ཆེ་བའི་དཔལ་འབྱོར་ཚོགས་ཁག་གི་འཕར་སྣོན་སྒུལ་ཤུགས་ཁ་གསབ་བྱེད་ཐུབ་ལ། དེ་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་དང་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་ལ་གལ་འགངས་ཆེ་བར་མངོན་ཟེར།

ཝེ་ཡཱ་ཝན་དང་མཉམ་དུ་གྲོས་ཚོགས་ལ་མགོ་འཛིན་བྱས་པའི་ཧིན་རྡུ་ཉི་ཞི་ཡཱའི་ཕྱི་འབྲེལ་བློན་ཆེན་མཱ་ཏིས་ཀྱིས་བསྟན་དོན། འཛམ་གླིང་ཡོངས་ལ་ནམ་ཟླའི་འགྱུར་ལྡོག་དང་། འབྲུ་རིགས། ནུས་ཁུངས་བདེ་འཇགས་སོགས་ཀྱི་ཐད་འགྲན་རྩོད་གསར་བ་དང་འཕྲད་ཡོད་ཅིང་། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོས་མཉམ་དུ་ཐག་གཅོད་བྱེད་དགོས་ཟེར། ཁོས་བཤད་རྒྱུར། ཐེངས་འདིའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ནས་ནུས་ཁུངས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དང་བེད་སྤྱོད། རུལ་སུངས་ལ་ངོ་རྒོལ། མངོན་གསལ་གྱི་ལམ་ལུགས་འཛུགས་པ་སོགས་གནད་དོན་ཐད་ནས་ཡིག་ཆ་རབས་དང་རིམ་པ་བཏོན་ཡོད་ལ། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་གཅིག་པར་སྤྲད་ནས་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།

ཐེངས་འདིའི་གྲོས་ཚོགས་ཀྱི་ཚོགས་ཡུན་ཉིན2ཡིན་པ་དང་། དམིགས་ཡུལ་ནི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་སྔར་ལས་གསོན་ཤུགས་ལྡན་པའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གསར་སྐྲུན་བྱེད་པའི་ཐད་ཀྱི་གྲུབ་འབྲས་ལ་དཔྱད་འཇོག་བྱེད་པའི་ཆེད་དུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག