མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་གནམ་གྲུ་ཆུང་བ་ཞིག་ཁོ་ལོམ་པུ་ཡཱ་ནས་སར་ལྷུང་སྟེ་མི4རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-06 11:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁོ་ལོམ་པུ་ཡཱའི་སྲིད་གཞུང་གིས་སྤྱི་ཟླ10བའི་ཚེས5ཉིན་བདེན་དཔང་བྱས་པ་ལྟར་ན། ཨ་མེ་རི་ཁའི་རྟགས་ཡོད་པའི་གནམ་གྲུ་ཆུང་བ་ཞིག་ཉིན་དེར་ཁོ་ལོམ་པུ་ཡཱའི་ནུབ་བྱང་ཕྱོགས་ཀྱི་ཆའོ་ཁི་ཞིང་ཆེན་ནས་སར་ལྷུང་བ་དང་། གནམ་གྲུའི་སྟེང་གི་མི4རྐྱེན་ལམ་དུ་ཤོར་ཟེར།

ཆའོ་ཁི་ཞིང་ཆེན་ཨ་ཁན་ཏིས་གྲོང་ཁྱེར་གྱི་ཧྲི་ཀྲང་ཨོ་ལེ་ཝ་ལོས་སི་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། གནམ་གྲུ་ཆུང་བ་དེ་ཁོ་ལོམ་པུ་ཡཱ་དང་ཕཱ་ནཱ་མཱའི་འབྲེལ་མཚམས་སུ་ཡོད་པའི་ཨ་ཁན་ཏིས་གྲོང་ཁྱེར་ཉེ་འདབས་སུ་སར་ལྷུང་བ་དང་། ས་དེའི་ཞིང་བས་བཤད་ན་གནམ་གྲུ་སར་ལྷུང་སྐབས་འགས་གཏོར་ཆེན་པོ་བྱུང་ཟེར། གནམ་གྲུའི་སྟེང་གི་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་འགྲུལ་བ་གཉིས་ལ་རྨས་ཕོག རྨས་མ་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱས་རྗེས། རྒྱལ་ས་པོ་ཀི་ཏཱ་རུ་བསྐྱལ་ནས་སྨན་བཅོས་བྱེད་རྒྱུ་རེད་ཟེར།

ཆའོ་ཁི་ཞིང་ཆེན་གྱི་འཕྲལ་སྒྲུབ་གནོད་འགོག་སྡེ་ཁག་གི་དཔོན་པོ་ཨེར་ནན་ཏི་སི་ཡིས་བཤད་རྒྱུར། གནམ་གྲུ་ཆུང་བ་དེ་ཕཱ་ནཱ་མཱ་ནས་འཕུར་ཡོང་བ་ཡིན་ལ། གནམ་གྲུའི་སྟེང་ཨ་མེ་རི་ཁའི་མི5དང་ཕཱ་ནཱ་མཱ་ཡི་མི1ཡོད་ཟེར།

རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། གནམ་གྲུ་དེར་ས་དེའི་ནམ་ཟླའི་ཤུགས་རྐྱེན་ཐེབས་ཏེ་ཁ་ལོ་བྱེད་ཐབས་བྲལ་བ་ཡིན་ལ། འབྲེལ་ཡོད་སྡེ་ཁག་གིས་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག