མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁས་ཨ་མེ་རི་ཁ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཉོ་ཚོང་དངུལ་གཏོང་གྲོགས་པོའི་འབྲེལ་བའི་སྐོར་ཐེངས་གཉིས་པའི་གྲོས་མོལ་མེད་པར་བཟོ་རྒྱུ་ཁྱབ་སྒྲོག་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-05 11:27

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཉོ་ཚོང་འཐུས་མིའི་གཞུང་སྒྲུབ་ཁང་གིས་སྤྱི་ཟླ10བའི་ཚེས4ཉིན་ཁྱབ་སྒྲོག་བྱས་དོན། ཨ་མེ་རི་ཁའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་ལས་ཁུངས་གཙོ་བོའི་སྒོ་བརྒྱབ་པའི་ཤུགས་རྐྱེན་འོག གཟའ་འཁོར་རྗེས་མར་བསྡུ་བར་ཐག་བཅད་ཡོད་པའི་ཨ་མེ་རི་ཁ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཉོ་ཚོང་དངུལ་གཏོང་གྲོགས་པོའི་འབྲེལ་བའི་སྐོར་ཐེངས་གཉིས་པའི་གྲོས་མོལ་མེད་པར་བཟོ་རྒྱུ་ཡིན་ཟེར།

ཨ་མེ་རི་ཁའི་ཉོ་ཚོང་འཐུས་མིའི་གཞུང་སྒྲུབ་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། ཨ་མེ་རི་ཁའི་ཉོ་ཚོང་འཐུས་མི་ཧྥོ་ལོ་མན་གྱིས་ཉིན་དེར་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་ཉོ་ཚོང་ཨུ་ཡོན་ཏི་ཀུའུ་ཧི་ཐི་ལ་ཁ་པར་གཏོང་སྐབས་བཤད་རྒྱུར། ཨ་མེ་རི་ཁའི་སྲིད་གཞུང་གི་སྒོ་བརྒྱབ་པ་ལས་མ་དངུལ་དང་མི་སྣ་དཀོན་པའི་རྐྱེན་གྱིས་ཨ་མེ་རི་ཁའི་ཉོ་ཚོང་འཐུས་མིའི་གཞུང་སྒྲུབ་ཁང་གིས་གྲོས་མོལ་ཚོགས་ཁག་མངག་གཏོང་བྱས་ཏེ་ཡོ་རོབ་གླིང་མནའ་འབྲེལ་དང་མཉམ་དུ་གཟའ་རྗེས་མར་པུའུ་ལུའུ་སེར་ནས་བསྡུ་རྒྱུ་ཡིན་པའི་ནུབ་ཀྱི་རྒྱ་མཚོ་ཆེན་མོ་བརྒལ་བའི་ཉོ་ཚོང་དང་དངུལ་གཏོང་གྲོགས་པོའི་འབྲེལ་བའི་ཆོད་དོན་གྱི་སྐོར་ཐེངས་གཉིས་པའི་གྲོས་མོལ་ལ་ཞུགས་ཐབས་མེད་ཟེར། ཧྥོ་ལོ་མན་གྱིས་ད་རུང་བསྟན་དོན། ནུབ་ཀྱི་རྒྱ་མཚོ་ཆེན་མོ་བརྒལ་བའི་ཉོ་ཚོང་དང་དངུལ་གཏོང་གྲོགས་པོའི་འབྲེལ་བའི་ཆོད་དོན་གྱི་སྐོར་ཐེངས་གཉིས་པའི་གྲོས་མོལ་དེ་སྔར་བཞིན་ཨ་མེ་རི་ཁའི་དཔལ་འབྱོར་སྲིད་ཇུས་ཀྱི་གཙོ་གནད་ཅིག་ཡིན་པ་དང་། ཨ་མེ་རི་ཁའི་ཕྱོགས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་བར་གྲོས་བསྡུར་བྱས་ཏེ། ཨ་མེ་རི་ཁའི་སྲིད་གཞུང་གི་སྒོ་བརྒྱབ་པའི་གནས་ཚུལ་ཞི་འཇགས་སུ་སོང་རྗེས་ཉོ་ཚོང་གྲོས་མོལ་ཡང་བསྐྱར་སྤེལ་བའི་འཆར་གཞི་ཡོད་ཟེར།

ཏི་ཀུའུ་ཧི་ཐི་ཡིས་ཀྱང་ཉིན་དེར་གསལ་སྒྲོག་སྤེལ་ཏེ། སྐོར་ཐེངས་གཉིས་པའི་གྲོས་མོལ་མེད་པར་བཟོས་པ་ནི་ཡིད་འཕང་བའི་བྱ་བ་ཞིག་ཡིན་ཡང་། ཡོ་རོབ་གླིང་མནའ་འབྲེལ་དང་ཨ་མེ་རི་ཁས་ཉོ་ཚོང་དངུལ་གཏོང་གི་གྲོགས་པོའི་འབྲེལ་བའི་གྲོས་ཆོད་འགོད་པའི་རེ་འདུན་ལ་གནོད་པ་ཐེབས་མི་སྲིད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག