མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་བུན་གྱིས་གྲོང་ཁྱེར་གྱི་འགྲིམ་འགྲུལ་ལེགས་བཅོས་བྱེད་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-05 11:27

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ད་ལོའི་སྤྱི་ཟླ10བའི་ཚེས7ཉིན་ནི་འཛམ་གླིང་གི་འཚོ་སྡོད་ཉིན་མོ་ཐེངས་ཉེར་བརྒྱད་པ་ཡིན་ཞིང་། ཕན་ཅི་བུན་གྱིས་ཚེས་བཞི་ཉིན་བཤད་རྒྱུར། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲོང་ཁྱེར་འགྲིམ་འགྲུལ་ཐད་ཛ་དྲག་གི་འགྲན་རྩོད་གནས་ཡོད་པ་དང་། ཁོས་མི་རྣམས་ཀྱིས་གྲོང་ཁྱེར་གྱི་འཁོར་རྒྱུག་རང་བཞིན་གྱི་གནད་དོན་ཐག་གཅོད་བྱེད་པར་འབད་བརྩོན་བྱས་ཏེ་གྲོང་ཁྱེར་སྔར་ལས་དར་རྒྱས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་།

ད་ལོའི་འཛམ་གླིང་གི་འཚོ་སྡོད་ཉིན་མོའི་བརྗོད་སྙིང་ནི་གྲོང་ཁྱེར་གྱི་འགྲིམ་འགྲུལ་ཞེས་པ་དེ་ཡིན་ལ། ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་ཉིན་དེར་རྒྱུན་མཐུད་ལྡན་པའི་གྲོང་ཁྱེར་གྱི་འཁོར་རྒྱུག་རང་བཞིན་ཞེས་པའི་མཐོ་རིམ་གྲོས་ཚོགས་བསྡུས། ཕན་ཅི་བུན་གྱིས་ཚོགས་ཐོག་ནས་གཏམ་བཤད་སྤེལ་ཏེ། འགྲིམ་འགྲུལ་ལ་འཚང་ཁ་ཆེ་བ་ལས་ལས་ཞུགས་དང་དངོས་སྐྱེལ་གྱི་མ་རྩ་ཇེ་ཆེར་བཏང་བར་མ་ཟད་མྱུར་ཚད་ཇེ་དལ་དུ་བཏང་ཡོད། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲོང་ཁྱེར་ལ་དེའི་ཐད་ཀྱི་འགྲན་རྩོད་དེ་བས་ཀྱང་ཛ་དྲག་ཡིན། དེ་དག་གིས་གྲོང་ཁྱེར་འགྲིམ་འགྲུལ་ལས་བྱུང་བའི་གནོད་ཤུགས་ཆེན་པོ་མྱོང་བཞིན་ཡོད་ལ། ཐབས་བཀོད་འཐེན་ཏེ་དེའི་ཐད་མ་དངུལ་གཏོང་བཞིན་ཡོད་ཟེར།

ཕན་ཅི་བུན་གྱིས་བཤད་རྒྱུར། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲོང་ཁྱེར་ལ་ད་རུང་འགྲིམ་འགྲུལ་དབུལ་ཕོངས་ཀྱི་གནད་དོན་གནས་ཡོད་པ་དང་། མི་ཁྲི་སྟོང་མང་བོས་སྤྱི་སྤྱོད་དང་མི་སྒེར་གྱི་འགྲིམ་འགྲུལ་ཡོ་བྱད་ཀྱི་གྲོན་དངུལ་ཐེག་དཀའ་བ་དང་། དབང་བོ་སྐྱོན་ཅན་དང་ལོ་ལོན། བུད་མེད། ནར་སོན་མེད་པའི་མི་བཅས་འགྲིམ་འགྲུལ་བདེ་འཇགས་གནད་དོན་ཚབས་ཆེན་ལ་འཕྲད་ཡོད། གྲོང་ཁྱེར་གྱི་འཁོར་རྒྱུག་རང་བཞིན་ཐག་གཅོད་བྱེད་པར་སྔར་ལས་ཞེང་ཆེ་བའི་གཞུང་ལམ་ལས་དགོས་པར་མ་ཟད། ཆེས་བཟང་ཞིང་ཆེས་འདྲ་མཉམ་གྱི་ཐབས་ལ་བརྟེན་ནས་མི་མང་བོར་ཕན་ནུས་ལྡན་པའི་འགྲིམ་འགྲུལ་མ་ལག་འོས་འཚམ་ཞིག་འདོན་སྤྲོད་བྱེད་དགོས་ཟེར།

ཕན་ཅི་བུན་གྱིས་བཤད་རྒྱུར། གྲོང་ཁྱེར་གྱི་འཁོར་རྒྱུག་རང་བཞིན་གྱི་གནད་དོན་ཐག་གཅོད་བྱེད་པར་ད་རུང་མི་རྣམས་ཀྱིས་རླངས་འཁོར་བསྐོར་བ་ནས་སྤྱི་བའི་འགྲིམ་འགྲུལ་དང་། ལྕགས་རྟ། རྐང་ཐང་སོགས་འགྲིམ་འགྲུལ་གྱི་ཐབས་ལ་བརྟེན་པར་སྐུལ་མ་བཏང་ནས། མི་རྣམས་བདེ་འཇགས་དང་མགྱོགས་མྱུར་ངང་བྱ་བའི་ལས་གནས་དང་སློབ་གྲྭ། སྨན་ཁང་། རོལ་རྩེད་བྱེད་ས་སོགས་སུ་འགྲོ་ཐུབ་པར་སྟབས་བདེ་བཟོ་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག