མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་ཧྲི་ཏོན་གྱིས་ཨེ་ཅིབ་ཀྱི་མ་འོངས་པ་ཨེ་ཅིབ་མི་དམངས་རང་ཉིད་ཀྱིས་ཐག་གཅོད་བྱེད་དགོས་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-04 11:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཨ་ཧྲི་ཏོན་གྱིས་ཚེས3ཉིན་ཨེ་ཅིབ་ཀྱི་རྒྱལ་ས་ཁའེ་རོ་ནས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨེ་ཅིབ་ཀྱི་ནང་ཁུལ་ལས་དོན་ལ་ཐེ་གཏོགས་བྱེད་མི་སྲིད་པ་དང་། ཨེ་ཅིབ་ཀྱི་མ་འོངས་པ་ཨེ་ཅིབ་མི་དམངས་རང་ཉིད་ཀྱིས་ཐག་གཅོད་བྱེད་དགོས་ཟེར།

ཨ་ཧྲི་ཏོན་གྱིས་ཉིན་དེའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཁོ་མོས་ཐེངས་འདིར་ཨེ་ཅིབ་ཏུ་འཚམས་འདྲི་བྱས་པ་ནི་ཨེ་ཅིབ་ཀྱི་གནས་བབ་ལ་བར་འདུམ་བྱེད་པ་དང་ཨེ་ཅིབ་ཀྱི་ནང་ཁུལ་ལས་དོན་ལ་ཐེ་གཏོགས་བྱེད་པའི་ཆེད་དུ་མིན་པ་དང་། དམིགས་ཡུལ་གཙོ་བོ་ནི་ཨེ་ཅིབ་དཔོན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་དེའི་དཔལ་འབྱོར་དང་ཆབ་སྲིད་གནས་བབ་ཐད་ནས་གྲོས་མོལ་བྱེད་རྒྱུའི་ཆེད་དུ་ཡིན་ཟེར། ཨ་ཧྲི་ཏོན་གྱིས་ཨེ་ཅིབ་བར་བརྒལ་འཕེལ་རིམ་ཁྲོད་བཟོད་སྒོམ་རང་བཞིན་གྱི་རྩ་དོན་གྱི་གལ་ཆེན་རང་བཞིན་ནན་བཤད་བྱས་པ་དང་། ཨེ་ཅིབ་ཀྱི་ཆབ་སྲིད་མདུན་ལྗོངས་དེ་ཨེ་ཅིབ་མི་དམངས་ཀྱིས་ཐག་གཅོད་བྱེད་དགོས་པར་འདོད།

དེ་ལས་གཞན་ཨ་ཧྲི་ཏོན་གྱིས་ད་རུང་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་དང་ཨེ་ཅིབ་བར་གྱི་འབྲེལ་བར་གལ་འགངས་ཆེ་བ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་མུ་མཐུད་དུ་ཕྱོགས་གཉིས་བར་གྱི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་འདོད་ཡོད། ཨེ་ཅིབ་ཀྱི་བློ་གཏད་རུང་བའི་གྲོགས་པོ་ཡིན་པའི་ཆ་ནས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ནམ་རྒྱུན་ཨེ་ཅིབ་སྲིད་གཞུང་དང་སྤྱི་ཚོགས་ཚོགས་ཁག་བར་མཉམ་ལས་བྱེད་པར་བརྩོན་བཞིན་ཡོད་པ་དང་། ཤུགས་ཆེན་པོས་ཨེ་ཅིབ་མི་དམངས་ལ་རྒྱབ་སྐྱོར་དང་རོགས་རམ་བྱེད་བཞིན་ཡོད་ཟེར།

ཨ་ཧྲི་ཏོན་གྱིས་ཉིན་དེར་ཨེ་ཅིབ་ལ་དུས་ཡུན་ཉིན་གཉིས་ཀྱི་འཚམས་འདྲི་བྱེད་པ་མཇུག་རྫོགས་པ་དང་། དེ་ནི་ཨེ་ཅིབ་ནས་ཟླ་བདུན་པའི་ཚེས་གསུམ་ཉིན་སྲིད་འགྱུར་བྱུང་བའི་ཚུན་ལ་ཨ་ཧྲི་ཏོན་གྱིས་ཐེངས་གསུམ་པར་ཨེ་ཅིབ་ལ་འཚམས་འདྲི་བྱས་པ་ཡིན་ལ། འཚམས་འདྲིའི་སྐབས་སུ་སོ་སོར་ཨེ་ཅིབ་ཀྱི་གནས་སྐབས་ཙུང་ཐུང་མན་སུའུ་ཨར་སོགས་ཆབ་སྲིད་མགོ་གཙོ་དང་སྲིད་གཞུང་མིན་པའི་རྩ་འཛུགས་ཀྱི་འཐུས་མི། དེ་མིན་ཆོས་ལུགས་གཙོ་འཛིན་སོགས་དང་གྲོས་མོལ་བྱས།   །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག