མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་པཱ་མཱ་ཡིས་ཧྥེ་ལེ་པེན་དང་མཱ་ལེ་ཞི་ཡཱའི་འཚམས་འདྲི་མེད་པར་བཟོས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-03 11:18

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨོ་པཱ་མཱ་ཡིས་ཧྥེ་ལེ་པེན་དང་མཱ་ལེ་ཞི་ཡཱའི་འཚམས་འདྲི་མེད་པར་བཟོ་རྒྱུ་ཐག་བཅད་རྗེས། ཕོ་བྲང་དཀར་པོས་སྤྱི་མཐུན་ཏང་གིས་བཙན་སྐུལ་འོག་སྲིད་གཞུང་གི་སྒོ་བརྒྱབ་སྟེ། ཨ་མེ་རི་ཁའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་མགོ་ཁྲིད་ནུས་པ་ཇེ་ཆུང་དུ་བཏང་བར་རྒོལ་གཏམ་བཏང་།

སྔོན་གྱི་འཆར་གཞི་ལྟར་ན། ཨོ་པཱ་མཱ་ཡིས་ཚེས5ཉིན་གྱི་དགོང་མོ་ནས་བཟུང་ཧིན་རྡུ་ཉི་ཞི་ཡཱ་དང་། ཝུན་ལེ། མཱ་ལེ་ཞི་ཡཱ། ཧྥེ་ལེ་པེན་བཅས་རྒྱལ་ཁབ་བཞི་ལ་འཚམས་འདྲི་བྱེད་རྒྱུ་གཏན་འཁེལ་བྱས་ཡོད་ཀྱང་། ཕོ་བྲང་དཀར་པོས་ཚེས་གཉིས་ཉིན་ཁྱབ་སྒྲོག་བྱས་དོན། སྲིད་གཞུང་སྒོ་བརྒྱབ་པའི་དབང་གིས་ཨོ་པཱ་མཱ་ཡིས་མཱ་ལེ་ཞི་ཡཱ་དང་ཧྥེ་ལེ་པེན་གྱི་འཚམས་འདྲི་མེད་པར་བཟོ་རྒྱུ་ཐག་བཅད་ཡོད་ཟེར།

ཕོ་བྲང་དཀར་པོའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པ་ཧེ་ཏིན་གྱིས་གསལ་སྒྲོག་སྤེལ་ཏེ། འཚམས་འདྲི་མེད་པར་བཟོས་པ་ནི་དམངས་གྲོས་ཁང་གི་སྤྱི་མཐུན་ཏང་གི་གྲོས་མིས་བཙན་སྐུལ་འོག་སྲིད་གཞུང་གི་སྒོ་བརྒྱབ་པའི་མཇུག་འབྲས་གཞན་ཞིག་ཡིན་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། སྲིད་གཞུང་གི་སྒོ་བརྒྱག་པར་སྔོན་འགོག་བྱས་ཆོག་ཀྱང་། སྤྱི་མཐུན་ཏང་གི་བྱ་སྤྱོད་ཀྱིས་ཨ་མེ་རི་ཁའི་ཕྱིར་གཏོང་ལ་ཡར་སྐུལ་བྱེད་པ་དང་། འཛམ་གླིང་ཡོངས་ཀྱི་གསར་དར་ས་ཁུལ་གྱི་མགོ་ཁྲིད་ནུས་པ་འདོན་སྤེལ་བྱེད་པའི་ནུས་པ་ཇེ་ཆུང་དུ་བཏང་བ་དང་། དམངས་གྲོས་ཁང་གི་སྤྱི་མཐུན་ཏང་གི་ཕྱོགས་ཁག་ལ་ལས་ཨ་མེ་རི་ཁས་འཛམ་གླིང་ཡོངས་སུ་ང་ཚོའི་དམིགས་བསལ་གྱི་ནུས་པ་འདོན་སྤེལ་བྱེད་པར་བཀག་འགོག་བྱེད་བཞིན་ཡོད་ཟེར།

མཱ་ལེ་ཞི་ཡཱ་དང་ཧྥེ་ལེ་པེན་གྱི་འཚམས་འདྲི་མེད་པར་བཏང་ཡང་། ཨོ་པཱ་མཱ་ཡིས་སྔར་བཞིན་ཧིན་རྡུ་ཉི་ཞི་ཡཱ་དང་ཝུན་ལེ་རྒྱལ་ཁབ་གཉིས་ལ་འཚམས་འདྲི་བྱེད་རྒྱུ་ཡིན་པ་དང་། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་དང་། ཨ་མེ་རི་ཁ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས། ཨེ་ཤ་ཡཱ་ཤར་མའི་མཐོ་རིམ་གྲོས་ཚོགས་བཅས་ལ་ཞུགས་རྒྱུ་ཡིན་ཟེར།

མཱ་ལེ་ཞི་ཡཱ་དང་ཧྥེ་ལེ་པེན་ལ་སེམས་གསོ་བྱེད་ཆེད། ཨོ་པཱ་མཱ་ཡིས་ཚེས1ཉིན་གྱི་དགོང་མོར་སོ་སོར་མཱ་ལེ་ཞི་ཡཱའི་ཙུང་ལི་ནཱ་ཅི་པུའུ་དང་ཧྥེ་ལེ་པེན་གྱི་ཙུང་ཐུང་ཨོ་ཅི་ནོའུ་གཉིས་ལ་ཁ་པར་བཏང་སྟེ། རྒྱལ་སྲིད་བློན་ཆེན་ཁི་ལེ་ཡིས་ཁོའི་ཚབ་བྱས་ཏེ་འཚམས་འདྲིར་ཡོང་རྒྱུ་དང་། རང་གི་འགན་ཡུན་ལོངས་རག་བར་དུ་རྒྱལ་ཁབ་དེ་གཉིས་ལ་འཚམས་འདྲི་བྱེད་སྲིད་པའི་བསམ་ཚུལ་བསྟན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག