མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧན་གོ་དང་ཨ་མེ་རི་ཁས་ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པའི་འཇིགས་ཉེན་ཚོད་འཛིན་བྱེད་པའི་འཐབ་ཇུས་འཆར་གཞི་བཀོད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-03 11:18

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོ་དང་ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཀྲང་གིས་ཚེས2ཉིན་ཧྲིག་ཨར་ནས་ཧན་གོ་དང་ཨ་མེ་རི་ཁའི་བདེ་སྲུང་གྲོས་ཚོགས་ཐེངས་ཞེ་ལྔ་བ་བསྡུས་ཏེ། ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པའི་འཇིགས་ཉེན་ཚོད་འཛིན་བྱེད་པའི་དམིགས་སའི་རང་བཞིན་ལྡན་པའི་འཐབ་ཇུས་འཆར་གཞི་དངོས་སུ་བཀོད།

དམིགས་སའི་རང་བཞིན་ལྡན་པའི་འཐབ་ཇུས་འཆར་གཞི་དེ་ནི་ཁྲའོ་ཞན་གྱིས་ཉིང་རྡུལ་ནུས་པའི་མཚོན་ཆ་བཀོལ་བའི་གནས་ཚུལ་ཤེས་རྗེས་ཧན་གོ་དང་ཨ་མེ་རི་ཁའི་དམག་ཕྱོགས་ཀྱིས་མཚོ་སྐམ་མཁའ་གསུམ་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཏེ། ཕ་རོལ་བ་སྔོན་ལ་སྤ་ཀོང་བར་བྱེད་པའི་འཐབ་ཇུས་ཤིག་ཡིན། ཧན་གོ་དང་ཨ་མེ་རི་ཁས་སྤྱད་ཆོག་པའི་དམག་དོན་འགུལ་སྐྱོད་ལ་གཙོ་བོ་ཨ་མེ་རི་ཁས་འགེབས་སྲུང་བྱེད་པ་དང་། རྒྱུུན་ལྡན་གྱི་མཚོན་ཆར་ཆམ་ཕབ་གཏོང་བ། འཕུར་མདའི་འགོག་སྲུང་མ་ལག་བཀོལ་བ་སོགས་འདུས།

ཧན་གོའི་རྒྱལ་སྲུང་བློན་ཆེན་ཅིན་ཁོན་ཀྲིན་གྱིས་ཉིན་དེའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། འཐབ་ཇུས་དེ་དངོས་སུ་ལག་བསྟར་བྱས་ན་ཧན་གོའི་མང་ཚོགས་ཀྱིས་ཧན་གོ་དང་ཨ་མེ་རི་ཁས་མཉམ་དུ་ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པའི་འཇིགས་ཉེན་སེལ་ཐུབ་པར་ཡིད་ཆེས་ཐོབ་སྲིད་ཟེར། དེ་ལས་གཞན་ཧན་གོ་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པའི་འཇིགས་ཉེན་ཐག་གཅོད་བྱེད་པར་མྱུལ་ཞིབ་དང་། འགོག་སྲུང་། བར་ཆད་དང་གཏོར་བརླག་བྱེད་པའི་འཕུར་མདའི་འཐབ་ཇུས་སོགས་བཀོལ་རྒྱུ་ཐག་བཅད།

ཕྱོགས་གཉིས་ཀྱིས་ད་རུང2015ལོའི་ཟླ12པར་བརྒྱུད་སྤྲོད་བྱེད་པའི་གཡུལ་འཐབ་བཀོད་འདོམ་དབང་ཆར་ཐུན་མོང་གི་ལྟ་ཚུལ་བྱུང་བར་མ་ཟད། སང་ལོའི་ལོ་སྟོད་ལ་གྲོས་མོལ་བྱས་ཏེ་མཇུག་མཐའི་བརྒྱུད་སྤྲོད་དུས་ཚོད་གཏན་འཁེལ་བྱེད་རྒྱུ་ཡིན་ལ། ཧན་གོ་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་ཟླ་འདིར་ཐུན་མོང་བྱ་བའི་ཚན་ཆུང་གིས་དོན་དེར་གྲོས་མོལ་དང་དཔྱད་འཇོག་བྱེད་དུ་འཇུག་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག