མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་གིས་ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱའི་བདག་དབང་ལ་བརྩི་འཇོག་བྱེད་དགོས་པའི་རེ་བ་བཏོན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-02 14:24

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་མཱ་ཏུའུ་ལོ་ཡིས་སྤྱི་ཟླ10བའི་ཚེས1ཉིན་རྒྱལ་ཁབ་བརྙན་འཕྲིན་ཁང་ནས་མཐར་སྐྲོད་བཏང་བའི་ཨ་མེ་རི་ཁའི་ཕྱི་འབྲེལ་དཔོན་པོས་རྒྱལ་ནང་གི་ངོ་རྒོལ་ཕྱོགས་ཁག་དང་འབྲེལ་གཏུག་བྱས་པའི་བདེན་དཔང་ཁྱབ་སྒྲོག་བྱས་པར་མ་ཟད། ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱའི་བདག་དབང་ལ་བརྩི་འཇོག་བྱེད་དགོས་པའི་རེ་བ་བཏོན།

མཱ་ཏུའུ་ལོ་ཡིས་ཉིན་དེར་རྒྱལ་ཁབ་བརྙན་འཕྲིན་ཁང་ནས་གཏམ་བཤད་སྤེལ་ཏེ། ཉེ་སྔོན་ཝེ་ནེ་ཙུའེ་ལཱ་རྒྱལ་ཁབ་ཀྱིས་མཐར་སྐྲོད་བཏང་བའི་ཨ་མེ་རི་ཁའི་ཕྱི་འབྲེལ་དཔོན་པོ་འགའ་ཡིས་པའོ་ལེ་ཝར་ཀྲིག་གི་ངོ་རྒོལ་ཏང་གི་ཁོངས་སུ་གཏོགས་པའི་སྲིད་གཞུང་མིན་པའི་རྩ་འཛུགས་ཀྱི་གཞུང་སྒྲུབ་ཁང་ནས་ཕྱིར་ཡོང་བའི་བརྙན་རིས་ཁྱབ་སྒྲོག་བྱས་ཏེ། ཁོ་ཚོས་ངོ་རྒོལ་ཕྱོགས་ཁག་བར་འབྲེལ་འདྲིས་བྱས་ཏེ་ཝེ་ནེ་ཙུའེ་ལཱའི་བརྟན་འཇགས་ལ་གཏོར་བརླག་བྱེད་རྩིས་ཡོད་ཟེར།

མཱ་ཏུའུ་ལོ་ཡིས་བཤད་རྒྱུར། ཨ་མེ་རི་ཁ་རྒྱལ་ཁབ་ཀྱིས་ངེས་པར་དུ་ཝེ་ནེ་ཙུའེ་ལཱའི་བདག་དབང་ལ་བརྩི་འཇོག་བྱེད་པ་དང་། ཝེ་ནེ་ཙུའེ་ལཱའི་ནང་སྲིད་ལས་དོན་ལ་ཐེ་གཏོགས་བྱེད་མཚམས་འཇོག་དགོས། དེ་ལྟ་མིན་ཚེ་མཛའ་མཐུན་ལྡན་པའི་ཝེ་ནེ་ཙུའེ་ལཱ་དང་ཨ་མེ་རི་ཁའི་འབྲེལ་བར་གནོད་པ་ཐེབས་སྲིད་ཟེར། མཱ་ཏུའུ་ལོ་ཡིས་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཐེ་གཏོགས་བྱེད་པའི་སྲིད་ཇུས་མ་བསྒྱུར་ན། ཝེ་ནེ་ཙུའེ་ལཱ་ཡིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་འདྲིས་ཐབས་ལམ་སླར་གསོ་བྱེད་མི་སྲིད་ཟེར།

ཝེ་ནེ་ཙུའེ་ལཱ་རྒྱལ་ཁབ་ཀྱིས་ཟླ་དགུ་བའི་ཚེས་སུམ་ཅུའི་ཉིན་ཝེ་ནེ་ཙུའེ་ལཱ་རུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་པ་ཚབ་མ་དང་བཅས་པའི་ཨ་མེ་རི་ཁའི་ཕྱི་འབྲེལ་དཔོན་པོ་གསུམ་མཐར་སྐྲོད་གཏོང་རྒྱུ་ཁྱབ་སྒྲོག་བྱས་པ་དང་། རྒྱུ་མཚན་ནི་ཁོ་ཚོས་ཝེ་ནེ་ཙུའེ་ལཱའི་ངོ་རྒོལ་ཕྱོགས་ཁག་དང་མཉམ་ལས་བྱས་ཏེ། ཝེ་ནེ་ཙུའེ་ལཱའི་བརྟན་འཇགས་ལ་གཏོར་བརླག་གཏོང་རྩིས་ཡོད་པས་ཡིན་པ་དང་། ཝེ་ནེ་ཙུའེ་ལཱ་རུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གིས་དེའི་རྗེས་སུ་གསལ་སྒྲོག་སྤེལ་ཏེ། ཝེ་ནེ་ཙུའེ་ལཱ་ཕྱོགས་ཀྱིས་དེ་འདྲའི་སྐྱོན་འཛུགས་བྱས་པར་གཞི་འཛིན་ས་ཅི་ཡང་མེད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག