མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་རི་ཡཱ་རྒྱལ་ཁབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་སི་རི་ཡཱའི་རྫས་འགྱུར་མཚོན་ཆའི་འབྲེལ་ཡོད་གྲོས་ཆོད་ལག་བསྟར་བྱེད་རྩིས་ཡོད་པར་བཤད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-30 10:46

1.jpg

སྤྱི་ཟླ9བའི་ཚེས27ཉིན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སི་རི་ཡཱའི་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བའི་གྲོས་ཆོད་ལ་གཅིག་གྱུར་གྲོས་འཆམ་བྱུང་བ་དང་། དེ་ནི་ཉིས་སྟོང་བཅུ་གཅིག་ལོའི་ཟླ་གསུམ་པར་སི་རི་ཡཱ་ནས་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་བྱུང་བའི་ཚུན་ལ། བདེ་འཇགས་ལས་འཛིན་ལྷན་ཚོགས་ནས་གྲོས་འཆམ་བྱུང་བའི་སི་རི་ཡཱ་དང་འབྲེལ་བའི་གྲོས་ཆོད་ཐོག་མ་རེད། པར་འདི་ནི་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་དང་དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ཧེ་ཀི་གཉིས་ཀྱིས་ལག་པ་ཡར་བཀྱག་ནས་ཡིད་འཐད་ཡིན་པའི་ཚུལ་སྟོན་བཞིན་པའི་ཚུལ་རེད།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་ཕྱི་འབྲེལ་བློན་ཆེན་མུའུ་ཨ་ལེ་མུའུ་ཡིས་ཚེས29ཉིན་གསར་འགྱུར་ལས་རིགས་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། སི་རི་ཡཱའི་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་མཐུན་བཀོད་པའི་གྲོས་ཆོད་ལག་བསྟར་བྱེད་རྩིས་ཡོད་པ་དང་། གྲོས་ཆོད་དེ་ལས་སི་རི་ཡཱ་རྒྱལ་ཁབ་ཀྱིས་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བར་གཏན་འཁེལ་གསལ་བོ་བྱས་ཡོད་ཟེར།

    མུའུ་ཨ་ལེ་མུའུ་ཡིས་བསྟན་དོན། སི་རི་ཡཱའི་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས27ཉིན་གྲོས་མཐུན་བཀོད་པའི་གྲོས་ཆོད་ཀྱི་ནང་དོན་ལ་ནན་ཏན་གྱིས་ཞིབ་འཇུག་བྱེད་བཞིན་ཡོད་པ་དང་། རྒྱལ་ཁབ་སོ་སོས་གྲོས་ཆོད་དེའི་ནང་དོན་ལག་བསྟར་བྱེད་དགོས་ཟེར།

    མུའུ་ཨ་ལེ་མུའུ་ཡིས་ད་རུང་བསྟན་དོན། སི་རི་ཡཱའི་སྲིད་གཞུང་གིས་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་འཐུས་མི་ཞུགས་པའི་ཆ་རྐྱེན་ཅི་ཡང་མེད་པའི་རྒྱལ་སྤྱིའི་གྲོས་ཚོགས་ལ་ཞུགས་པར་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར།

    མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས27ཉིན་འདེམ་ཤོག་བཅོ་ལྔ་བོ་ཚང་མ་འཐད་པ་བྱུང་སྟེ་སི་རི་ཡཱའི་རྫས་འགྱུར་མཚོན་ཆའི་གྲོས་ཆོད་གཉིས་གཅིག་གཅིག་བརྒྱད་ལ་གྲོས་འཆམ་བྱུང་བ་དང་། གྲོས་ཆོད་ལས་སི་རི་ཡཱ་རྒྱལ་ཁབ་ཀྱིས་རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་བར་མཉམ་ལས་བྱས་ཏེ། རང་གི་ཉར་འཇོག་བྱས་པའི་རྫས་འགྱུར་མཚོན་ཆ་མེད་པར་བཟོ་དགོས་པའི་རེ་བ་བཏོན་ཡོད།

    བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འདེམ་ཤོག་མ་འཕང་གོང་ཧི་ལན་གྱི་ཧེ་ཡཱ་རུ་ཡོད་པའི་རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་ཀྱིས་ཨ་མེ་རི་ཁ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱིས་བཀོད་པའི་སི་རི་ཡཱའི་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བའི་འཆར་གཞི་ལ་ཆོག་མཆན་བཀོད།

    འཆར་གཞི་དེ་སི་རི་ཡཱའི་རྫས་འགྱུར་མཚོན་ཆ་དང་དེ་ཉར་འཇོག་བྱེད་སའི་གནས། གནས་གཞན་དུ་བསྐྱལ་བ་དང་མེད་པར་བཟོ་བའི་དུས་ཚོད་སོགས་ནང་དོན་མང་བོར་འབྲེལ་ཡོད་པ་དང་། འཆར་གཞི་ལྟར་ན། རྫས་འགྱུར་མཚོན་ཆའི་ཞིབ་བཤེར་བྱ་བ་དེ་ཟླ་བཅུ་བའི་ཚེས་གཅིག་ཉིན་ནས་མགོ་རྩོམ་རྒྱུ་ཡིན་པ་དང་། ཁས་ལེན་ཐོབ་པའི་རྫས་འགྱུར་མཚོན་ཆ་དག་རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་ཀྱི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་སྤྱི་ཟླ11པའི་ཚེས15ཉིན་ནས་བཟུང་མེད་པར་བཟོ་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག