མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱ་གར་དང་ཕཱ་ཁི་སི་ཐན་གྱི་ཙུང་ལིས་གྲོས་མོལ་བྱས་ཏེ་ཁི་ཧྲི་མུས་ཨར་གྱི་དོ་དམ་ཚོད་འཛིན་གནས་བབ་ཐད་ནས་ཐུན་མོང་གི་ལྟ་ཚུལ་བྱུང་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-30 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་གྱི་ཙུང་ལི་ཞིན་ཀི་དང་ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞེ་ལི་ཧྥུའུ་གཉིས་ཀྱིས་ཚེས29ཉིན་ཉིག་ཡོ་གྲོང་ཁྱེར་ནས་གྲོས་མོལ་བྱས། ཁོ་གཉིས་བར་ཁི་ཧྲི་མུས་ཨར་ས་ཁུལ་ལ་དོ་དམ་ཚོད་འཛིན་བྱེད་པའི་ཛ་དྲག་གནས་བབ་ཐད་ནས་ཐུན་མོང་གི་ལྟ་ཚུལ་བྱུང་།

དེ་ནི་ཞེ་ལི་ཧྥུའུ་ཡིས་ད་ལོའི་ཟླ་དྲུག་པར་ཡང་བསྐྱར་ཕཱ་ཁི་སི་ཐན་གྱི་ཙུང་ལིའི་འགན་ཁུར་རྗེས། རྒྱལ་ཁབ་གཉིས་ཀྱི་ཙུང་ལིས་ཐོག་དང་པོར་དངོས་སུ་གྲོས་མོལ་བྱས་པ་ཡིན་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེར་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། ཞིན་ཀི་དང་ཞེ་ལི་ཧྥུའུ་གཉིས་ཀྱིས་དུས་ཚོད་གཅིག་ཙམ་ལ་གྲོས་མོལ་བྱས།

རྒྱ་གར་རྒྱལ་ཁབ་ཀྱི་བདེ་འཇགས་བློ་འདོན་པ་མེ་ནོང་གིས་ཉིན་དེའི་གྲོས་མོལ་མཇུག་སྒྲིལ་རྗེས་བསྟན་དོན། རྒྱ་གར་དང་ཕཱ་ཁི་སི་ཐན་གྱི་ཙུང་ལིའི་གྲོས་མོལ་ལ་འཛུགས་སྐྲུན་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་དང་། ཞིན་ཀི་དང་ཞེ་ལི་ཧྥུའུ་གཉིས་ཀྱིས་རྒྱ་གར་དང་ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་ཁི་ཧྲི་མུས་ཨར་ས་ཁུལ་གྱི་གནས་བབ་ཞི་འཇགས་སུ་གཏོང་བའི་ཐད་མུ་མཐུད་དུ་གྲོས་མོལ་བྱེད་པར་འཐད་པ་བྱུང་ཡོད་ཟེར།

ཕཱ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཡིས་བསྟན་དོན། ཕཱ་ཁི་སི་ཐན་དང་རྒྱ་གར་དམག་ཕྱོགས་ཀྱིས་ཁི་ཧྲི་མུས་ཨར་གྱི་གནས་བབ་ཐད་ནས་མུ་མཐུད་དུ་འབྲེལ་འདྲིས་བྱས་ཏེ། འགལ་བ་གསར་བ་འབྱུང་བར་སྔོན་འགོག་བྱེད་རྒྱུ་རེད་ཟེར། རྒྱ་གར་དང་ཕཱ་ཁི་སི་ཐན་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གིས་མ་འོངས་པར་འབྲེལ་འདྲིས་བྱེད་པའི་ནང་དོན་ཞིབ་རྒྱས་གསལ་བོར་གླེང་མེད།

ཞིན་ཀི་དང་ཞེ་ལི་ཧྥུའུ་གཉིས་ཉིག་ཡོ་གྲོང་ཁྱེར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱི་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུར་ཞུགས་པར་ཡོང་བ་ཡིན་ལ། ཞེ་ལི་ཧྥུའུ་ཡིས་ཚེས་ཉེར་བརྒྱད་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ནས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། ཕཱ་ཁི་སི་ཐན་དང་རྒྱ་གར་གྱི་ཙུང་ལིའི་གྲོས་མོལ་ལ་རེ་སྒུག་བྱེད་བཞིན་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་རྣམ་པ་གསར་བ་ཞིག་གསར་སྐྲུན་བྱེད་པར་རེ་བ་བྱེད་བཞིན་ཡོད་ཟེར།

ཞིན་ཀི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྟེང་གཏམ་བཤད་སྤེལ་སྐབས་ཞེ་ལི་ཧྥུའུ་ཡི་གཏམ་བཤད་ལ་ལན་བྱིན། རྒྱ་གར་གྱིས་ལྷག་བསམ་རྣམ་དག་གིས་ཕཱ་ཁི་སི་ཐན་བར་གནས་པའི་གནད་དོན་ཚང་མ་ཐག་གཅོད་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད་ལ། དེའི་ནང་ཁི་ཧྲི་མུས་ཨར་ས་ཁུལ་གྱི་གནད་དོན་ཡང་འདུས་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག