མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕཱ་ཁི་སི་ཐན་གྱི་པེ་ཧྲ་ཝ་ནས་འགས་གཏོར་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་སོ་དགུ་རྐྱེན་ལམ་དུ་ཤོར་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-30 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་ས་གནས་སྨན་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱལ་ཁབ་དེའི་ནུབ་ཕྱོགས་ཀྱི་པེ་ཧྲ་ཝ་གྲོང་ཁྱེར་ནས་ཚེས29ཉིན་གྱི་སྔ་དྲོར་འགས་གཏོར་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་སོ་དགུ་རྐྱེན་ལམ་དུ་ཤོར་ཟེར།

པེ་ཧྲ་ཝའི་ས་གནས་སྨན་ཁང་ཞིག་གི་མགྲིན་ཚབ་པས་བཤད་རྒྱུར། ཤི་བོའི་ཁྲོད་བུད་མེད་གསུམ་དང་བྱིས་པ་དྲུག་ཡོད་ལ། འགས་གཏོར་དེ་ལས་ད་རུང་མི་བརྒྱ་ལྷག་ལ་རྨས་ཕོག་ཡོད་པ་དང་། རྨས་མ་ཁག་ཅིག་གི་རྨས་སྐྱོན་ཚབས་ཆེན་ཡིན་པས། ཤི་བོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར།

ཚེས29ཉིན་གྱི་སྔ་དྲོའི་དུས་ཚོད་བཅུ་དང་སྐར་མ་ལྔ་བཅུའི་ཡས་མས་སུ། པེ་ཧྲ་ཝ་ཡི་ཚོང་རའི་ནང་ཡོད་པའི་ཉེན་རྟོག་ཅུའུ་ཞིག་གི་ཉེ་འདབས་ནས་འགས་གཏོར་དོན་རྐྱེན་བྱུང་སྟེ། ཉེ་འཁོར་གྱི་ཚོང་ཁང་ཉི་ཤུ་ཙམ་དང་རླངས་འཁོར་དྲུག་ལ་གཏོར་བརླག་ཚབས་ཆེན་ཐེབས་པར་མ་ཟད་མེ་སྐྱོན་ཆེན་པོ་བྱུང་། ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། འགད་རྫས་དག་ཉེན་རྟོག་ཅུའུ་དང་བར་ཐག་སྨིད་ཉི་ཤུ་ཡོད་པའི་རླངས་འཁོར་ཞིག་གི་སྟེང་བཞག་ཡོད་ལ། འགས་གཏོར་ཁྲོད་ཉེན་རྟོག་པར་ཤི་རྨས་ཐེབས་མེད་ཟེར།

མིག་སྔར་ད་རུང་རྩ་འཛུགས་དང་མི་སྒེར་གང་རུང་གིས་འཇབ་རྒོལ་དོན་རྐྱེན་དེ་བཟོས་པར་ཁས་ལེན་བྱས་མེད།

ཕཱ་ཁི་སི་ཐན་གྱི་ཙུང་ཐུང་ཧི་སེ་ཡུན་དང་ཙུང་ལི་ཞེ་ལི་ཧྥུའུ་གཉིས་ཀྱིས་གསལ་སྒྲོག་སྤེལ་ཏེ། འཇབ་རྒོལ་དོན་རྐྱེན་དེ་ལ་རྒོལ་གཏམ་དྲག་པོ་བཏང་།

ཐེངས་འདིའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ནི་པེ་ཧྲ་ཝ་ནས་ཉེ་ལམ་བྱུང་བའི་ཚབས་ཆེ་བའི་འཇབ་རྒོལ་དོན་རྐྱེན་ཐེངས་གསུམ་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག