མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མུ་མཐུད་དུ་ཉིང་རྡུལ་དམག་འཕྲིའི་འཕེལ་རིམ་ལ་ཡར་སྐུལ་བྱེད་དགོས་པའི་འབོད་སྐུལ་བཏང་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-27 10:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་རེ་བརྒྱད་པའི་ཀྲུའུ་ཞི་ཨ་ཧྲི་ཡིས་ཚེས26ཉིན་ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་ནས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཉིང་རྡུལ་དམག་འཕྲིའི་གནད་དོན་གྱི་མཐོ་རིམ་གྲོས་ཚོགས་ཐོག་མ་བསྡུས། ཨ་ཧྲི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གཉིས་ཀྱིས་ཚོགས་ཐོག་ནས་ཉིང་རྡུལ་དམག་འཕྲི་དེ་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས། འཕེལ་རྒྱས་བཅས་ལ་ཡར་སྐུལ་བྱེད་པར་ནུས་པ་གལ་ཆེན་ཡོད་པས། རྒྱལ་ཁབ་སོ་སོས་སྔར་ལས་བརྩོན་པ་བསྐྱེད་དེ་ཉིང་རྡུལ་དམག་འཕྲིའི་འགྲན་རྩོད་ཐག་གཅོད་བྱེད་པ་དང་མུ་མཐུད་དུ་ཉིང་རྡུལ་དམག་འཕྲིའི་འཕེལ་རིམ་ལ་ཡར་སྐུལ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཕན་ཅི་བུན་གྱིས་ཚོགས་ཐོག་ནས་གཏམ་བཤད་སྤེལ་སྐབས་བསྟན་དོན། ཉིན་དེའི་གྲོས་ཚོགས་ནི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ལོ་རྒྱུས་སྟེང་རྒྱལ་སྤྱིའི་ཉིང་རྡུལ་དམག་འཕྲིའི་གནད་དོན་སྐོར་གྱི་མཐོ་རིམ་གྲོས་ཚོགས་ཐོག་མ་ཡིན་པས། ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ཆེན་པོ་ལྡན། གཅིག་སྟོང་དགུ་བརྒྱ་ཞེ་དྲུག་ལོར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནས་གྲོས་མཐུན་བཀོད་པའི་གྲོས་ཆོད་ཐོག་མ་ལས་ཉིང་རྡུལ་དམག་འཕྲི་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་འབེན་གཙོ་བོ་ཞིག་ཏུ་བཞག་པ་དང་། ལོ་ངོ་བཅུ་ཕྲག་འགའ་འདས་པའི་དེང་གི་སྐབས་འདིར། ཉིང་རྡུལ་དམག་འཕྲི་ལ་ཕྱོགས་ཡོངས་ནས་ཡར་སྐུལ་བྱེད་པ་དེ་སྔར་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བྱ་བ་གཙོ་བོ་ཞིག་ཏུ་གྱུར་ཡོད་ཟེར།

ཕན་ཅི་བུན་གྱིས་བཤད་རྒྱུར། ཉིང་རྡུལ་དམག་འཕྲི་ལ་རྒྱལ་ཁ་ཐོབ་ན་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་ཤུགས་སྣོན་ཐོབ་སྟེ། དགོས་གལ་ཆེ་བའི་ཐོན་ཁུངས་མི་ཉུང་བ་ཞིག་སྤྱི་ཚོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐད་བཀོལ་བ་དང་། ཁྲིམས་སྐྱོང་ལ་ཡར་སྐུལ་བྱེད་པ་དང་ཁོར་ཡུག་སྲུང་སྐྱོབ་བྱས་ནས། ཉིང་རྡུལ་ནུས་པའི་རྒྱུ་ཆ་འཇིགས་སྐུལ་ཉེས་ཅན་དང་ཐལ་སྤྱོད་རྩ་འཛུགས་ཀྱི་ལག་ཏུ་ཤོར་བར་སྔོན་འགོག་བྱེད་པའི་ཞོར་དུ། མིའི་རིགས་ཀྱི་སེམས་ཁོང་གི་འཇིགས་སྣང་རྩ་བ་ནས་དག་པར་བྱེད་ཐུབ་ཟེར།

ཕན་ཅི་བུན་གྱིས་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཉིང་རྡུལ་དམག་འཕྲིའི་ཐད་ནས་གྲུབ་འབྲས་ངེས་ཅན་བླངས་ཡོད་ཀྱང་། ད་དུང་བསྒྲུབ་དགོས་པའི་བྱ་བ་མང་བོ་ཡོད་ཟེར། ཁོས་ཉིང་རྡུལ་ནུས་པ་ལྡན་པའི་རྒྱལ་ཁབ་ལ་འབྲེལ་ཡོད་འབྲེལ་འདྲིས་ཐད་དམིགས་བསལ་གྱི་འགན་འཁྲི་ཡོད་པས། ཉིང་རྡུལ་ནུས་པ་རྒྱ་ཡན་དུ་མི་འགྲོ་བའི་ཆིངས་ཡིག་ནང་ཞུགས་མེད་པའི་རྒྱལ་ཁབ་དག་གིས་འགོར་འགྱངས་མི་བྱེད་པ་དང་ཆ་རྐྱེན་གཞན་པ་ཅི་ཡང་མེད་པའི་སྒོ་ནས་ཆིངས་ཡིག་དེར་ཆོག་མཆན་འགོད་པར་སྐུལ་འདེད་གཏོང་དགོས་པ་དང་། ཞོར་དུ་རྒྱལ་ཁབ་སོ་སོས་བརྩོན་པ་ཧུར་ལེན་བྱས་ཏེ་ཉིང་རྡུལ་དམག་འཕྲིའི་གནད་དོན་ཐག་གཅོད་བྱས་ཏེ་དོན་དངོས་གོམ་རིམ་ལྟར་ཉིང་རྡུལ་དམག་འཕྲིའི་དམིགས་འབེན་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨ་ཧྲི་ཡིས་ཚོགས་ཐོག་ནས་གཏམ་བཤད་སྤེལ་ཏེ། ཉིང་རྡུལ་དམག་འཕྲིའི་གནད་དོན་དེ་སྐབས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་བརྗོད་སྙིང་དེ་ཉིས་སྟོང་བཅོ་ལྔ་ལོའི་རྗེས་ཀྱི་འཕེལ་རྒྱས་གྲོས་རིམ་ལ་གྲ་སྒྲིག་བཟང་བོ་བྱེད་པ་དེར་ཐག་ཀར་འབྲེལ་བ་མེད་པ་ལྟར་སྣང་ཡང་། ཞིབ་ཏུ་བསམ་བློ་རེ་བཏང་ན། གལ་ཏེ་དུས་ཚོད་དང་ཐོན་ཁུངས། ནུས་ཁུངས་བཅས་ཉིང་རྡུལ་ནུས་པའི་མཚོན་ཆ་ཐོན་སྐྱེད་བྱེད་པའི་ཐད་བཀོལ་ན། སློབ་གསོ་དང་སྨན་བཅོས། དབུལ་སྐྱོར། དེ་མིན་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་བཅས་ཐད་ཀྱི་ཐོན་ཁུངས་ཇེ་ཉུང་དུ་འགྲོ་སྲིད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག