ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་ཡིས་ཚེས25ཉིན་ཙུང་ཐུང་བཞུགས་ཤག་ནས་བསྡུས་པའི་ནེ་ཀིའི་གྲོས་ཚོགས་སྟེང་བསྟན་དོན། ཁོས་སྔ་ཉིན་དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་དང་གསང་བའི་གྲོས་མོལ་བྱས་པ་དང་། གྲོས་མོལ་ལ་ཕན་འབྲས་བཟང་བོ་ཐོབ་ཟེར།
ཧྥ་རན་སིའི་སྲིད་གཞུང་གི་མགྲིན་ཚབ་པ་པེར་ཁཱ་སང་གིས་གསར་འགྱུར་ལས་རིགས་ལ་སྙན་ཞུ་བྱས་པའི་ནེ་ཀིའི་གྲོས་ཚོགས་ཀྱི་གྲུབ་འབྲས་གླེང་སྐབས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་སུ། ཨོ་ལིང་ཏི་དང་ལུའུ་ཧཱ་ནེ་གཉིས་ཀྱིས་ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་ནས་གྲོས་མོལ་བྱས། དེ་ནི་ཉིས་སྟོང་ལྔ་ལོའི་ཚུན་ལ་ཧྥ་རན་སི་དང་དབྱི་ལིང་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཐོག་དང་པོར་གྲོས་མོལ་བྱས་པ་རེད།
པེར་ཁཱ་སང་གིས་བཤད་རྒྱུར། ཨོ་ལིང་ཏི་ཡིས་གྲོས་མོལ་བྱེད་སྐབས་ལུའུ་ཧཱ་ནེ་ཡིས་སི་རི་ཡཱ་དང་ལེ་པཱ་ནུན། དེ་མིན་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་བཅས་ཀྱི་ཐད་ནས་རང་གི་འགན་འཁྲི་གསལ་བོར་ཤེས་དགོས་པའི་རེ་བ་བཏོན། ཧྥ་རན་སིའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨོ་ལིང་ཏི་ནི་ལུའུ་ཧཱ་ནེ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་རེ་བརྒྱད་པའི་སྐབས་སུ་ཐུག་འཕྲད་བྱས་པའི་ནུབ་ཕྱོགས་རྒྱལ་ཁབ་ཀྱི་མགོ་ཁྲིད་གཅིག་པུ་རེད། གྲོས་མོལ་དེ་ནི་དབྱི་ལིང་ཕྱོགས་ཀྱིས་རེ་བ་བཏོན་པ་ལྟར་བཀོད་སྒྲིག་བྱས་པ་ཡིན་ལ། གྲོས་མོལ་དེ་ལྷག་བསམ་རྣམ་དག་གི་སྣང་ཚུལ་ཁྲོད་དུས་ཡུན་སྐར་མ་བཞི་བཅུ་ལྷག་འགོར་བ་དང་། ལུའུ་ཧཱ་ནེ་ཡིས་སི་རི་ཡཱའི་འཐབ་འཁྲུག་མཇུག་སྒྲིལ་དགོས་པའི་རེ་བ་བཏོན་པར་མ་ཟད། སི་རི་ཡཱའི་ཉམས་ཉེན་ཐད་ཀྱི་རི་ནེ་ཝའི་རྒྱལ་སྤྱིའི་གྲོས་ཚོགས་ཐེངས་གཉིས་པ་བསྡུ་བར་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན།
ཐེངས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ལ་མ་ཞུགས་གོང་། ལུའུ་ཧཱ་ནེ་ཡིས་ཨ་མེ་རི་ཁའི་ཝ་ཧྲིན་ཏོན་སྦྲགས་སྲིད་ཚགས་པར་སྟེང་རྩོམ་ཡིག་སྤེལ་ཏེ། དབྱི་ལིང་གིས་ནུབ་ཕྱོགས་རྒྱལ་ཁབ་དག་དང་མཉམ་་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པ་དང་། སི་རི་ཡཱ་སོགས་གནད་དོན་ཐད་ནས་གྲོས་མོལ་བྱེད་འདོད་ཡོད་ལ། སི་རི་ཡཱའི་ཕྱོགས་ཁག་སོ་སོས་གྲོས་མོལ་བྱེད་པར་རྒྱབ་སྐྱོར་བྱེད་འདོད་ཡོད་ཟེར། །